R196: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་བླ་མ་ཐམས་ཅད་མཁྱེན་པ་ངག་དབང་ཀུན་དགའ་བློ་གྲོས་སངས་རྒྱས་བསྟན་པའི་རྒྱལ་མཚན་དཔལ་བཟང་པོའི་རྟོགས་པ་ངོ་མཚར་འཕྲུལ་གྱི་རོལ་རྩེད་སྡེ་བཞིའི་འབྱུང་གནས།

  • Pagination (Witness A): ༥༧༦
[A:༥༧༦]འདྲེན་དང༌། དེ་ནས་ཡིག་བརྒྱ་ལྗགས་བཟླས་སུ་མཛད་བཞིན་པར་ཟངས་ཆེན་བླ་མཚོ་ནས་ཟངས་ཤུ་གང་ཆུ་ཚགས་ལ་འདྲེན་པར་གནང༌། དེ་ནས་གསོལ་གཟིམ་གཉིས་ཀྱིས་བཅུས་ཏེ་བན་ཚང་པས་བཀྱེ་སྐབས་ཀྱང་ཉོག་ཐམས་ཅད་རས་ཚགས་སུ་བཟུང་ཞིང་རྫོགས་དུས་མེད་པ་ལྟ་བུ་བྱུང༌། ཞེས་གསུངས། སྔོན་སྔགས་འཆང་ཆོས་ཀྱི་རྒྱལ་པོས་མགོན་ཁང་དེའི་ཤར་ནས་ཟངས་ཆེན་ནུབ་ཏུ་གདན་དྲངས་པ་ནས་བཟུང་རྗེ་རྡོ་རྗེ་འཆང་ཆེན་པོ་ཉིད་དགུང་གྲངས་སོ་དགུ་འདས་བཞི་བཅུ་པ་འདིའི་བར་དུ་བསྒུལ་བསྐྱོད་ཡེ་མ་མཛད་པས། ལོ་ཡུན་རིང་པོའི་བར་གྱི་བདུད་རྩི་རིལ་འདམ་དང་ཆུ་དྲག་སོགས་མྱོག་གཙང་རྣམས་ཕྱོགས་གཅིག་ཏུ་བཟླུམས་པར་མཛད། སེ་མོའི་རོ་ས་བྲེ་གང་གི་ཚོད་ཙམ་ལ་ཕལ་ཆེར་སེ་རོ་རང་དུ་ངོས་འཛིན་དང༌། རྗེ་ཉིད་ཀྱི་ཐུགས་ལ་ནི་བླ་མཚོའི་མཚན་ལ་ཁྲག་མཚོ་བཀྲ་ཤིས་འོད་འབར་དུ་ཞུ་བས་ན། རྣམ་པ་གདུག་ཅན་གྱི་ཁྲག་རྒྱུན་འཁྱིལ་བ་ལ་ངོ་བོ་ཡེ་ཤེས་ཀྱི་བདུད་རྩིའི་རྒྱ་མཚོ་དམ་ཅན་འདུ་བའི་ཆུ་ཀླུང་ཆེན་པོར་ངོས་འཛིན་དགོས་པས་ན། དགྲ་བགེགས་ཀྱི་རོ་རང་ཡིན་དགོངས་པ་དོན་ལྡན་དུ་འཁྲུངས། ཆུ་ཕལ་ཆེར་དྭངས་གྲུབ་ནས་བན་ཚང་པ་བརྒྱད་གྲས་ཟངས་ཆེན་སྤྱན་འདྲེན་གདོང་རྗེ་ཉིད་ནས་གོང་བཞིན་བུམ་ཆུས་སྣ་འདྲེན་གྱིས་མགོན་ཁང་ཆེན་མོར་སྤྱན་དྲངས་ཏེ་ཆུས་བཀང༌། འཕགས་པ་དང་ས་ལོའི་ཐུགས་དམ་མ་ལྕམ་དྲལ། པུ་ཏྲ། སྨུག་ཆུང༌། ཨ་མེས་ཞབས་ཀྱིས་བཞེས་འབག །བྲིས་སྐུ་ཕྱག་མཚན་སོགས་བྱིན་རླབས་ཆེ་གྲས་རྣམས་གནས་དེར་བཞུགས་ཤིང༌། གཞན་མ་སྐུ་ཚབ་རྣམས་ལ་བཀས་འདོམས་ཏེ་གདན་ནས་བཏུ་བའི་སྐབས་མགོན་ཁང་རྙིང་མ་དེའི་སྟེང་འོག་བར་གསུམ་གྲུམ་ཆེན་འགྲོ་མི་ནུས་པ་ལྟ་བུ་ཀུན་གྱིས་གསལ་བར་མཐོང་ཞིང༌། གཏིང་རྒྱུག་ཁང་ཐོག་གི་ཁྱམས་གདུང་སྤྱི་དང༌། ཁྱད་པར་པུ་ཏྲའི་བཞུགས་ཐད་དེའི་གདུང་ལ་ཉེན་ཆེན་ཡོད་པ་སོགས་དུས་གསུམ་སྒྲིབ་མེད་གཟིགས་པའི་ཉམས་གསོ་དུས་བབས་དང༌། སང་ཉིན་ཟངས་ཆེན་སོགས་