R196: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་བླ་མ་ཐམས་ཅད་མཁྱེན་པ་ངག་དབང་ཀུན་དགའ་བློ་གྲོས་སངས་རྒྱས་བསྟན་པའི་རྒྱལ་མཚན་དཔལ་བཟང་པོའི་རྟོགས་པ་ངོ་མཚར་འཕྲུལ་གྱི་རོལ་རྩེད་སྡེ་བཞིའི་འབྱུང་གནས།

  • Pagination (Witness A): ༥༧༧
[A:༥༧༧]སྤྱན་འདྲེན་གྱི་དོ་ནུབ་འཆམས་ཁང་གཞུང་སོགས་ཁད་ཉེ་འབྲེལ་མཚུངས་སུ་སྡོད་མི་ཕལ་ཆེར་གྱི་ཐོག་སྟེང་ལ་ལྡིར་ཆམ་དང༌། སྙེ་དྲུང་རྡོ་རྒྱལ་གྱི་ནང་དུ་མི་འོང་བ་ལྟ་བུའི་ཤབ་ཤིབ་མང་པོའི་མུར་ནང་དེའི་ཀ་དྲུང་ནས་ལངས་པ་འདྲ་བའི་མི་དཀར་ནག་གཉིས་མཐོང་བ་དང༌། གཞི་ཐོག་ཀུན་ངར་ཡང་ཐུག་ཆོམ་སོགས་བྱུང་ཚུལ་གླེང་བ་བཅས་དེ་ལྟར་གཉན་ཅིང་བྱིན་རླབས་ཆེ་བའི་སྐོར་རྣམས་སྐྱེལ་བཞུགས་གྲུབ་འཕྲལ་རྗེ་ཉིད་ནས་རྣམ་འཇོམས་ཁྲུས། རབ་གནས་འབྲིང་པོ། མཆོད་གཏོར་གཟབས་འཛུགས་ཀྱིས་གཏོར་བསྔོ་བརྒྱ་རྩ་བསྐང་བ་བརྒྱ་རྩ་སོགས་དང༌། ཟླ་རེ་བཞིན་དུས་གཏོར་ཆག་མེད་རྣམས་བཀའ་དྲིན་ཆེ་ནས་ཆོས་གྲགས་པས་རྒྱུན་བསྐང་སྐབས་ཟངས་ཆེན་གྱི་རུ་ལོང་སྒྲ་འབྱིན་པའང་བྱུང་ཞིང༌། དེ་ནས་ཨང་ཟུག་གི་ཞལ་བཀོད་ཕལ་ཆེར་གྲུབ་ནས་མཛོད་འཛིན་གཞུང་ཕྱག་ལ་བྱོན། དེ་ནས་ཁྱད་འཕགས་ལྷོའི་ཐོག་དང༌། ཚོམས་ཆེན་གཡབ་གསར་ཐོག་མུ་མཉམ་དང༌། ཨ་མེས་ཞབས་ཀྱི་ཞལ་འབག་པུ་ཏྲའི་ཞལ་བརྙན་ལ་སྐུ་གཟུགས་ཀྱི་ཞལ་བཀོད་དང་ས་མཆོད་སོགས་མཛད་མུ་དང༌། ནང་སོ་མགོན་ཁང་སྐོར། མངའ་གསོལ་གཡབ་ཀྱི་ཚོན་རྩི། པུ་ཏྲའི་ལྡེར་སྐུ་ཐུན་མོང་མ་ཡིན་པ་སོགས་མྱུར་དུ་གྲུབ་སྐབས་རྗེ་རྡོ་རྗེ་འཆང་ཐུགས་དགེས་པའི་གསུང་ལས། བཟོ་བ་དང་འུ་ལ་མིའི་བརྩོན་འགྲུས་ལས་བྱུང་བ་འདི་ངེད་རང་གི་རྫུ་འཕྲུལ་ཡིན་ཞེས་ཉམས་ལྡན་གྱི་གསུང་གླེང་དང༌། ཡང་བསམ་ཡས་མ་བཞེངས་ལྷུན་གྲུབ་ཀྱང་འདི་འདྲ་ཀ་ཡིན་ཡོད་གསུངས་ཤིང༌། སྐུ་འཁོར་བ་དང་བཅས་བཞད་རྒྱངས་དང༌། མངའ་གསོལ་གཡབ་དང་པུ་ཏྲའི་ལྡེར་སྐུར་ཕྱག་ནས་ཕུལ་ཕྱིན་གྲུབ་ནས་སྨིན་ཟླའི་གཏོར་བཟློག་སྐབས་མཛོད་འཛིན་ཡང་འབྱོར་ཞིང༌། ཟངས་ཆེན་དང་སྐུ་གསར་རྙིང་གི་གཟུངས་སྒྲིག་དང༌། རྗེ་ཉིད་ཀྱི་ཕྱག་བསྟར་གྱིས་སྨུག་ཆུང་ཞལ་འབག་ཉམས་གསོ་གཟུངས་འབུལ་སོགས་གནང་སྐབས་ལྷ་མིའི་དྲི་བཟང་གིས་མཚོན་མི་ནུས་པའི་དྲིའི་