R196: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་བླ་མ་ཐམས་ཅད་མཁྱེན་པ་ངག་དབང་ཀུན་དགའ་བློ་གྲོས་སངས་རྒྱས་བསྟན་པའི་རྒྱལ་མཚན་དཔལ་བཟང་པོའི་རྟོགས་པ་ངོ་མཚར་འཕྲུལ་གྱི་རོལ་རྩེད་སྡེ་བཞིའི་འབྱུང་གནས།

  • Pagination (Witness A): ༥༧༨
[A:༥༧༨]ཁྱད་པར་དཔག་མེད་འཐུལ་ཞིང༌། ཕྱག་རོགས་གསོལ་གཟིམ་གཉིས་ནས་མཛད་པས་ནུབ་གཉིས་ཀར་ཁོང་ཟུང་ལ་མོན་ཕྲུག་གཉིས་མངོན་སུམ་དུ་འོངས་ཏེ་གྲི་ཁྱེར་ནས་ཁྱོད་གསོད་རྒྱུ་ཡིན་ཟེར་བ་དང༌། གཅིག་ལ་མོན་ཕྲུག་གིས་རག་དུང་རྣ་རྩར་འབུད་པ་སོགས་འཚུབས་ཉམས་དང་འཇིགས་སྣང་ཆེན་པོ་བྱུང་བ་སོགས་ནི་ཞལ་འབག་བཀའ་གཉན་པའི་ཆེ་བར་འཁུམས། མགོ་ཟླར་ནང་སོའི་མགོན་ཁང་གསར་པར་སྦྱོང་ཁྲུས་དང༌། གུར་ལྷ་བརྒྱད་ཞི་བའི་སྦྱིན་སྲེག་སོགས་རྗེ་ཉིད་ནས་གནང་བའི་སྦྱིན་སྲེག་གི་སྤྱན་འདྲེན་མཆོད་བསྟོད་སོགས་ལ་འབྲེལ་མཚུངས་རྔ་རོལ་དབྱངས་སོགས་མཛད་པས་གཞན་ལས་བབས་ཆགས་པ་བྱུང་བར་གསུངས་ཤིང་མེ་བཀྲའང་ཤིས། ལྷ་བཟོ་ཟླ་འོད་ཀྱིས་ཟངས་ཆེན་ལ་ཉམས་གསོ་ཞུ་རྒྱུའི་ཐོག་མར་གཡའ་རྣམས་ཕྱི་བདར་སྐབས་ཟངས་བརྡུང་གཅིག་མ་འདྲ་བའི་བཟོ་ཁྱད་ལ་ཀུན་ཧ་ལས་ཤིང་ངོ་མཚར་དུ་འཛིན། དེའི་ཞལ་བཀོད་རྣམས་གྲུབ་ནས་ཡར་ལམ་མདོ་ཁམས་ཨ་ལི་ཆོས་རྗེའི་སྤྲུལ་སྐུ་ངག་དབང་ཆོས་གྲགས་སོགས་དཔོན་གཡོག་སྟོབས་ཆེན་ནས་དཀར་སྤྱང་རྟ་སོགས་ཀྱི་འབུལ་ཆེན་དང་བཅས་མཇལ་ཕྱག་ཐོག་ཡར་ལམ་ཟོས་བདེའི་གནས་ཚུལ་སྔོན་འགྲོའི་ཁོང་ཚོའི་ཡུལ་གྲུར་ས་ལུགས་མདོ་སྔགས་བསྟན་པ་དར་ངོ་ཡོད་ཚུལ་གྱིས། འདི་ནས་བླ་མ་གནང་དགོས་ཞུས་པ་བཞིན་ཞལ་གྱིས་བཞེས། དེའི་ཚེ་ཨ་མེས་ཞབས་ཀྱི་དགོངས་རྫོགས་བདེ་མཆོག་ཚུགས་མུ་བཞིན་དུས་ཆེན་ཚེས་བཅུར་བསུ་གནང་དང༌། བཅུ་གཉིས་གཟའ་ཚེས་དགེ་བར་ནང་སོའི་སྐུ་འདྲ་གསར་རྙིང་ཟངས་ཆེན་སོགས་གདན་འདྲེན་དུས། ལྡེར་སྐུ་རྙིང་པ་ཤིན་ཏུ་ཡང་ཞིང་བླ་མཚོའང་དེ་མ་ཁད་བཀྱེད་སླ་བ་བྱུང༌། ཞེས་རྒྱུས་ཡོད་ཀུན་ཧ་ལས་ལས་བྱེད་མུར་གླེང་བ་དང༌། དེ་ནས་ཀྱེ་རྡོ་རྗེ་ལ་བརྟེན་པའི་རབ་ཏུ་གནས་པའི་མེ་ཏོག་ཉིན་གསུམ་འཐོར་བ་སྦྱིན་སྲེག་བཅས་དང༌། རབ་སྟོན་ཉིན་གོས་སྐུ་ཞལ་འབྱེད་སོགས་ངོ་མཚར་