R196: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་བླ་མ་ཐམས་ཅད་མཁྱེན་པ་ངག་དབང་ཀུན་དགའ་བློ་གྲོས་སངས་རྒྱས་བསྟན་པའི་རྒྱལ་མཚན་དཔལ་བཟང་པོའི་རྟོགས་པ་ངོ་མཚར་འཕྲུལ་གྱི་རོལ་རྩེད་སྡེ་བཞིའི་འབྱུང་གནས།

  • Pagination (Witness A): ༥༧༩
[A:༥༧༩]བྱིན་རླབས་དང་བཅས་པའི་བཀོད་པས་དུས་འདའ་བར་མཛད་ནས་བཅུ་བཞིའི་སྡོམ་གསུམ་གྲོལ་འཕྲལ་ཨ་ལི་ཆོས་རྗེ་ཅན་དུ་ཕེབས་རྒྱུའི་བླ་མ་རྣམ་གསུམ་བསྐོ་བཞག་དང༌། མི་རིང་བར་ཨ་ལི་ཆོས་རྗེ་དཔོན་གཡོག་ལ་འཐོན་ཕྱག་ཐོག་རྣམ་ཀུན་དོན་ཡོད་ཀྱི་བཀའང་འདི་ལྟར་སྩལ་ཏེ། སྤྱིར་ཆོས་འཇིག་རྟེན་གང་བྱེད་ཀྱང་ལུགས་ལེགས་དགོས་ཚུལ། ཁྱད་པར་ཆོས་ལུགས་གྲུབ་མཐའ་གང་བྱེད་ཀྱང་སངས་རྒྱས་ཀྱི་བསྟན་པ་དང་མཐུན་པའི་བཤད་སྒྲུབ་བྱེད་དགོས་ཀྱང༌། དུས་སྙིགས་པས་དེ་བཞིན་དཀོན་ཞིང༌། ཁྱེད་རྣམས་ནས་བསྟན་པ་སྤྱི་བྱེ་བྲག་ལ་དར་འདོད་དེ་བཞིན་རྗེས་སུ་ཡི་རང་གི་གནས་ཡིན་འདུག་པས། མདོ་སྔགས་བསྟན་པ་སྤེལ་བའི་བླ་མ་འཕྲལ་བཀོད་བགྱིས་ཡོད་ཅིང༌། འདིར་འབྱོར་ཐོག་ཀྱང་ནང་སོའི་ཉམས་གསོ་གྲུབ་ནས་རྟེན་རྣམས་ཕེབས་པ་དང་འགྲིག་པས་རྟེན་འབྲེལ་ལེགས་ཤིང༌། སྤྲུལ་སྐུ་རང་ཡང་ལོ་གཞོན་ནུ་ལ་མཁྱེན་སྒོ་ཡངས་པས་མདོ་སྔགས་ཐོས་བསམ་སྒོམ་པ་སོགས་ཧུར་ཐག་མཛད་པ་དང༌། སྦྱིན་བདག་རྣམས་ཀྱང་དད་ཞེན་ཆེ་ངོ་བཅས་གང་སར་ལེགས་ལམ་ཆེ་ཞིང༌། མ་གིར་ཡང་རྣམ་དཀར་གྱི་བགྱི་བ་ཡར་ལྡན་དགོས་ལུགས་རྣམས་བཀའ་སྩལ་པས། སྤྲུལ་སྐུ་ནི་བཅོས་མིན་དད་གུས་ཀྱིས་དབང་མེད་སྤྱན་ཆབ་ཉིལ་བཞིན་དུ། གང་ཅིའི་མཚམས་ལ་དེ་བཞིན་དང་གནས་སྐབས་ཀུན་ཏུ་སྐྱབས་འཇུག་གི་རྗེས་འཛིན་ཞུ་བ་སོགས་དད་ཤུགས་ཀྱིས་གདུངས་པའི་རྣམ་འགྱུར་ཅི་ཡང་གཡོ་བའི་སྐབས་སོ། །དེ་དག་གི་དོན་བསྡུ་ན། ངལ་བསོས་བང་མཛོད་བདག་པོ་ཕན་ཚུན་གྱི། །ཡིད་མཚོ་བྱིན་རླབས་རླབས་ཕྲེང་གཡོ་བྱེད་མཁན། །དྲི་བཞོན་དལ་བུས་བསྐྱོད་ལ་སྦྲོ་དགའི་བཞིན། །ལྦུ་དཀར་ཚེམས་ཕྲེང་བསྟན་ཏེ་དགོད་པ་བཞིན། །ཕལ་བློར་མི་ཤོང་ལས་མགོན་གཞལ་མེད་ཁང༌། །འཕགས་ཆེན་སྙིང་སྟོབས་ལྡན་པའི་དེད་དཔོན་དེས། །དམ་ཅན་སྣང་བརྙན་ནོར་བུར་དབང་