R196: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་བླ་མ་ཐམས་ཅད་མཁྱེན་པ་ངག་དབང་ཀུན་དགའ་བློ་གྲོས་སངས་རྒྱས་བསྟན་པའི་རྒྱལ་མཚན་དཔལ་བཟང་པོའི་རྟོགས་པ་ངོ་མཚར་འཕྲུལ་གྱི་རོལ་རྩེད་སྡེ་བཞིའི་འབྱུང་གནས།

  • Pagination (Witness A): ༥༨༠
[A:༥༨༠]ཐོབ་སྟེ། །རྟེན་དང་བརྟེན་པའི་ཐང་ཡངས་འདི་ན་བཀྲ། །ཤུལ་རིང་མདོ་ཁམས་བསྟན་པའི་ཡོལ་གོ་ཞིག །བསྟན་འཛིན་བཅུད་ཀྱིས་ཕོངས་ཚེ་མདོ་སྔགས་ཀྱི། །ཆུ་གཏེར་གསར་བུས་ཕྱུར་དུས་དད་མོས་ཀྱིས། །རབ་མྱོས་རྣམ་འགྱུར་སྟོང་ལྡན་འཁུན་སྒྲ་འབྱིན། །ཅེས་ཀྱང་སྨྲས་སོ།། །། ༈ དགུང་གྲངས་ཞེ་གཅིག་ཏུ་ཕེབས་པས་གླང་རྒྱལ་ཟླའི་ཚེས་ལྔར་བཀའ་ཁྲ་རིན་པོ་ཆེའི་དགོངས་དོན་ལྟར། མཐའ་དབུས་བདེ་ཐབས་ཆེད་བསམ་བརླིང་དུ་གསུང་བསྐང་རྒྱས་པ་དང༌། ཉེར་བདུན་ལ་ནང་སོར་གསེར་ཟངས་ཀྱི་རྒྱལ་མཚན་ཟུང་དང་སྲིད་ཞི་དཔལ་འཁྱིལ་དུ་གསེར་ཟངས་ཀྱི་གམྦྷཱིར། རྒྱལ་མཚན། མཎྜལ་སོགས་གཟུངས་ལྡན་དུ་སྒྲོན་པར་མཛད། རྟ་ཟླའི་མཇུག་སྡེ་དགེ་ནས་འབུམ་རྒྱལ་ཨ་འགྲུབ་སོགས་འབྱོར་བར། སྒོ་རུམ་བསེ་མགོན་ཆེན་པོའི་མཇལ་ཁ་དང༌། དབོ་ཟླའི་ནང་སྟོད་སྨད་བླ་ཁང་ལམ་གཏོར་གྱི་ཐོག་རྟེན་མཇལ་སྐུ་ཚབ་གཟིམ་འོད་ནས་མཛད་དུས། བསེ་མགོན་ཆེན་པོའི་ཞལ་གདོང་ནང་གི་གསེང་ཐག་རྣམས་དང་ལྗགས་བཅས་ཞལ་ནས་ཕྱིར་ཕྱུང་སྟེ་སྐུ་སྟོད་འོག་ཙམ་ན་ཕན་ཚུན་གཟིངས་ཤིང་བརྐྱང་པའི་ཚུལ་གྱིས་ཤིན་ཏུ་འཇིགས་ཤིང་མཆིས་པས། དེ་འཕྲལ་རྗེ་རྡོ་རྗེ་འཆང་ཆེན་པོར་སྙན་ཞུ་མཛད་པས། དོགས་རྟགས་རང་ནི་གང་ཡང་མ་བྱུང༌། འོན་ཀྱང་སྒོ་རུམ་དུ་འགྲོ་དགོས་གསུངས་ཕེབས་ཏེ་གོང་གི་གནས་ཚུལ་བཞིན་གཟིགས་པས། རྗེ་ཉིད་གསོལ་གཟིམ་མཆོད་གསུམ་བཅས་ནས་ཕྱག་བསིལ་ཞལ་རས་བདུད་རྩི་གསོལ་བ་རྣམས་མཛད་རྗེས། རྗེ་ཉིད་ནས་ཞལ་གདོང་ནང་དུ་གསེང་ཐག་རྣམས་མདུད་བསྡམས་དང༌། སྐུ་རྒྱབ་གྱང་གཟེར་ལ་བརྟན་པར་བརྟོད་གནང་དང༌། ལྗགས་ཀྱི་གསེར་ཐག་ཧྲུལ་བ་ཚོན་སི་དམར་སྒྲིམ་སྲ་འཐས་ཀྱིས་ལེགས་པར་བསྐྲུན་དུས་གསུང་ལས། སྐུ་བྱིངས་ཀྱང་གོག་ཉམས་ཆེ་རུང་རེ་ཞིག་གནང་བ་མ་ཐོབ་པས་བཅོས་མ་ནུས།