R196: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་བླ་མ་ཐམས་ཅད་མཁྱེན་པ་ངག་དབང་ཀུན་དགའ་བློ་གྲོས་སངས་རྒྱས་བསྟན་པའི་རྒྱལ་མཚན་དཔལ་བཟང་པོའི་རྟོགས་པ་ངོ་མཚར་འཕྲུལ་གྱི་རོལ་རྩེད་སྡེ་བཞིའི་འབྱུང་གནས།

  • Pagination (Witness A): ༥༨༡
[A:༥༨༡] ཞེས་སྩལ་ཞིང༌། འོན་ཀྱང་ཀྱོག་སྲོང་ཕྱག་གཡས་གཡོན་ལ་དར་འབོལ་གྱིས་སྦྱོང་སྟེགས་གང་ལེགས་མཛད་ནས་རྡོར་གོང༌། དར་ཕོན་སོགས་སྔར་བཞིན་དང༌། སྒོམ་གཏོར་ལོ་གནང་དུས་སུ་སྤོ་གནང་དེ་བསྒུལ་བསྐྱོད་སྟབས་གསར་བསྐྲུན་དང་རྣམ་འཇོམས་ཁྲུས། བླ་མ་ལྷ་ཁང་དུ་ཁལ་ཁ་གཉིས་དང་གཞིས་རྫོང་མི་སྣ་བཅས་ལ་མཇལ་ཕྱག །དེ་ནས་གཏོར་བསྔོ་བརྒྱ་རྩ་སོགས་མཛད་དོ། །སྔ་སོར་ཡབ་རྗེ་རཏྣའི་མཚན་ཅན་གྱིས་རྗེ་རྡོ་རྗེ་འཛིན་ཉིད་ལ་བསེ་མགོན་ལ་ཉམས་གསོ་ཞིག་མཛད་དགོས་ཡོད་འགྲོ་སྩལ་བ་དེ་མངོན་གྱུར་དུ་བྱུང་གསུང་བ་དང༌། གཞན་ཡང་སྒོ་རུམ་སྐོར་ལ་གཟིགས་སྣང་ངོ་མཚར་ཅན་མང་པོ་ཞིག་འཁྲུངས་ཚུལ་ཡང་མཆིས། དེ་སྐོར་ལ་མཛོད་འཛིན་ནས་སྐྱེད་སྟོན་དང་རྩིས་པ་སོགས་ལ་མོ་བཏབ་རིམ་གྲོ་རྣམས་ཚར་ཕྱིན་མཛད། གང་ལྟར་དེ་སྔོན་སྡེ་དགེར་སྐུ་ཆག་གིས་ཞལ་ངོ་བསྟུད་མར་གཤེགས་པ་སོགས་མྱང་ངན་གྱི་གྲིབ་དང༌། སྐུ་ཚབ་ཚོང་དཔོན་ཡང་དམག་འགྲོ་ལན་འགའ་ཞིག་བགྱིས་པ་སོགས་གྲིབ་རྐྱེན་དུ་ངོས་འཛིན་མཛད། དེ་ཙམ་ནས་བཟུང་གང་གི་ཨ་ལྕེ་དྲུང་མཆོག་གསུམ་ལགས་སྙུན་གྱི་འགོ་ཟུག་སྟེ། ནག་ཟླའི་དམ་ཚིག་བསྐང་གསོ་ཙམ་ལ་ཤིན་ཏུ་ཐུ་སྐབས་བཅས། ས་གའི་ཚེས་བཞི་འཁྲུངས་བསངས་གྲོལ་ནས་རྗེ་ཉིད་བདེ་མཆོག་ཏུ་ཕེབས་པས་སྐུ་ལུས་ཀྱི་རྣམ་འགྱུར་འགྱུར་བ་སོགས་གཟིགས་པས། ངེས་འབྱུང་ལྷག་པར་འཁྲུངས་པ་དང་བཅས། བྱབ་ཁྲུས་ལ་གཏོར་མ་ཡང་ཡང་བསྔོས་ནས་གནོད་བྱེད་ལ་བརྔན་པ་སྩལ་ཏེ་ལན་ཆགས་སྦྱོང་དམིགས་དང་ཚེ་དབང་སོགས་མཛད་རྗེས། གཤེགས་བཞུགས་གང་བྱུང་ཡང་ཕན་འགྱུར་ཡང་དག་གི་ཞལ་བཞེས་སྩལ་བས་ཁོང་ཐུགས་དགེས་པའི་གསུང་གླེང་ཡང་ཕུལ། རྗེ་ཉིད་གཞི་ཐོག་ཕོ་བྲང་དུ་བྱོན་འཕྲལ་ཙམ་ནས་བཟུང་མགུལ་གློ་བསུན་པོ་དེ་ཉལ་གྱི་ཆག །མཚན་གཟིམ་ཡང་བདེ་བ་སོགས་ཀྱི་མུར་