R196: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་བླ་མ་ཐམས་ཅད་མཁྱེན་པ་ངག་དབང་ཀུན་དགའ་བློ་གྲོས་སངས་རྒྱས་བསྟན་པའི་རྒྱལ་མཚན་དཔལ་བཟང་པོའི་རྟོགས་པ་ངོ་མཚར་འཕྲུལ་གྱི་རོལ་རྩེད་སྡེ་བཞིའི་འབྱུང་གནས།

  • Pagination (Witness A): ༥༨༥
[A:༥༨༥] ལྷ་འདྲེའི་རྫུ་འཕྲུལ་གྱིས་ཐག་རིང་ན་མནན་པ་བྱས་པའང་ཁོག་ཞུགས་རང་གི་མདུན་དུ་བཀུག་རྩིས་བཞིན་ཕྱོགས་དེར་དོང་བྲུས་ནང་ནས་གླང་ར་ཁ་འཕུར་ཅན་ཞིག་དང་གནད་ཆེ་བ་དེ་ད་དུང་ལུས་སོང་ཟེར་ནས། རྩོད་རུས་དོང་ནང་རུམ་དུས་ཆུ་དཀྲུགས་པའི་སྐད་ལྟ་བུ་ལོབས་ལོབས་ཟེར་ཞིང་ཁྲག་ཀྱང་ཕྲན་བུ་འཐོན། དར་ཙམ་ཞིག་ཅི་ཡང་མ་བྱུང་བས་ཀླུ་བདུད་ཁོ་དེད་ཐོངས་ཤིག་ཟེར་མུར་གཡག་རུ་ཁ་འཕུར་ཅན་བཏོན་ནས། ཡི་གེ་དང་རྫས་སོགས་ཕྱུང་བ་སྐུ་ཚབ་ནས་ཀློག་རྩིས་བྱས་པས། མ་བྱེད་ཟེར་ཞིང༌། བསྟན་པའི་བདག་པོར་འདི་འདྲའི་ལོག་སྒྲུབ་རྩོམ་པ་ཞེས་གླེང་ནས་ཐམས་ཅད་གཏུབས་ཏེ་དོང་དེར་དོར་ནས། ལོ་གསུམ་རིང་ཅི་ཡང་མི་སྐྱོན། དེ་ནས་བརྟག་དགོས་ཚུལ་ཟེར་བ་སོགས་བྱུང་བ་བཞིན་དཔའ་ཆེན་ལའང་བདག་རྐྱེན་ཡང་དག་གིས་ཕྱིར་མངགས་ནས་ལུང་གསལ་གྱི་རིམ་གྲོ་རྣམས་ཚར་ཕྱིན་མཛད་དོ། །ཆུ་སྟོད་ཟླ་ནང་ཨ་ཙ་ར་སྤྲེའུ་ཁྱེར་བ་ཞིག་གཞི་ཐོག་ལྟག་སྒོར་དར་ཙམ་བསྡད་ནས་ཐལ་གྱིས་བྱུང་བ། མགོན་པོའི་བསྐུལ་རྣམས་ན་ལྟས་ངན་དུ་བཤད་པ་བཞིན་དེ་འཕྲལ་བཟློག་པ་འབུམ་ཐེར་མཛད། ཡང་དེ་ལོའི་ལྷུམས་ཞུགས་དུས་སྟོན་ཉིན་གཞི་ཐོག་ཏུ་ཨ་ཙ་ར་གཉིས་འོངས་ནས། སྦྲུལ་འཇིགས་སུ་རུང་བ། བྱ་སོགས་མིག་འཕྲུལ་འགའ་ཞིག་བསྟན་པ་ལ་མཛོད་འཛིན་ནས་རྗེ་ཉིད་ལ་དེ་བཞིན་གྱི་གནས་ཚུལ་ཕུལ་བས། དེ་ལ་སྐྱོན་མེད། སྔར་སྤྲེའུ་ཁྱེར་བ་ལ་ནི་བཟློག་པ་མཛད་ཟིན། རྒྱ་གར་པ་མིག་འཕྲུལ་སྟོན་མཁན་མང་པོ་འབྱུང་སྐད་འདུག་པས་ཅི་ཡང་མི་སྐྱོན། ཞེས་བཀའ་སྩལ། ཕུར་སྒྲུབ་སྐབས་སྐར་མ་མཇུག་རིང་ཞིག་རྒྱལ་ཁམས་སུ་ཤར། གྲོ་བཞིན་ཚེས་བརྒྱད་ནས་བླ་ཆེན་འཕགས་པ་རིན་པོ་ཆེའི་རྣམ་ཐར་ཐང་ཀ་ངོ་མཚར་ཅན་འདིའི་དབུ་ཚུགས། ཁྲུམས་ཟླའི་ཚེས་གཅིག་ཕུར་སྒྲུབ་སྔ་བར་གྲོལ་ཏེ་ནང་སོའི་རྩེ་ནས་ཆོས་དུང་རིན་པོ་ཆེ་གསུང་བསྐུལ་