R196: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་བླ་མ་ཐམས་ཅད་མཁྱེན་པ་ངག་དབང་ཀུན་དགའ་བློ་གྲོས་སངས་རྒྱས་བསྟན་པའི་རྒྱལ་མཚན་དཔལ་བཟང་པོའི་རྟོགས་པ་ངོ་མཚར་འཕྲུལ་གྱི་རོལ་རྩེད་སྡེ་བཞིའི་འབྱུང་གནས།

  • Pagination (Witness A): ༥༨༤
[A:༥༨༤]མའི་ལམ་རིམ་ནས་བྱུང་བ་དང༌། གཞུང་བརྒྱ་འཆད་པའི་ལྕེ་བདེ་བློ་གསལ་ཞིང༌། སོགས་ནས། ཡོངས་རྫོགས་བསྟན་པའི་བདག་པོར་འགྱུར་བར་ཤོག །ཅེས་ས་ལོ་ཆེན་པོའི་རྣམ་ཐར་དཀོན་མཆོག་ལྷུན་གྲུབ་ཀྱིས་མཛད་པ་ནས་བྱུང་བ་དེ་སྨོན་ལམ་དུ་བསྒྱུར་གནང་དང༌། ཐུབ་པའི་བསྟན་པ་རིན་ཆེན་གཞལ་མེད་ཁང༌། །ཞེས་སོགས་ནས། བསྟན་བཅོས་ཉི་མའི་སྣང་བ་རྒྱས་བྱེད་ཤོག །ཅེས་སྡོམ་གསུམ་རབ་དབྱེའི་གཤམ་ནས་བྱུང་བ་དེ་སྨོན་ལམ་དུ་བསྒྱུར་གནང་སོགས་མཁས་པའི་མཛད་པ་འགྲུབ་པའི་ཐུགས་སྨོན་རྣམས་འབྲས་དཀར་གྱི་ཆར་ཉིལ་བཞིན་དུ་མཛད་རྗེས། གླེགས་ཤིང་ལ་གསེར་བྲིས་ཀྱི་ཀ་མད་སུམ་ཅུ་ནས་འབུལ་བར་མཛད་པས། ཀ་ཡི་གི་གུ། ཞབས་ཀྱུ། འགྲེང་བུ། ནཱ་རོ་རྣམས་ཕུལ་བས་ཨ་ཡི་བར་ལ་རིགས་འགྲེ་ནུས་ཏེ་མཁྱེན་པ་དང༌། གསུང་སློབ་རྣམས་ཀྱང་ལན་གཉིས་གསུམ་ལ་མཁྱེན་པ་སོགས་ཡབ་རྗེ་ཆོས་ཀྱི་རྒྱལ་པོ་ཉིད་ཐུགས་དགེས་པའི་རྩེར་སོན། དེའི་ཚེ་ཚོམས་དམར་དུ་ཚོགས་ཡོངས་ནས་རབ་གནས་ཀྱིས་ཕྱི་བསྐོར་ལ་མེ་ཏོག་འཐོར་གནང་དང་ཆབས་གཅིག་སྐུ་གསུང་ཐུགས་རྟེན་འགའ་ཞིག་སྤྱན་འདྲེན་གྲས་ལ་འཇམ་དབྱངས་རྩོད་རྒྱལ་མའང་ཕེབས་པས། གསན་སྦྱང་དབུ་ཚུགས་པ་དང་སྟབས་འགྲིག་སྐུ་བྱིན་ཅན་གནས་འདིའི་ཕྱི་ནང་དུ་བྱོན་པ་ནི། གཞན་ལས་རྟེན་འབྲེལ་ཤིས་པར་མངོན་ནོ་གསུངས། གོང་གསལ་བཞིན་རྟ་ན་གནས་དཔའ་ཆེན་ཡིད་ཆེས་གསང་ཁོག་ནས། ཁོག་ཞུགས་སྔ་ཕྱིར་བསམ་ཡས་ཆོས་སྐྱོང་གི་རུ་དཔོན་ག་བྱང་ཡིན་ཟེར་བ་ཞིག་གིས་གཏད་འདོན་ངེས་འདྲོངས་ཡོད་པས། དུས་ཚེས་ཆེ་གེ་མོར་རྫས་དང་ཡོ་བྱད་ཆེ་གེ་མོ་དགོས་ཚུལ་གླེང་བ་དང་བསྟུན། མགོན་པོ་ཁྲོ་བཅུ་དང༌། ཞལ་གྱི་གཏོར་བཟློག་ཉེར་དགུའི་དགོངས་འཕེན་ཏེ་ས་སྲོས་ནས་བཟུང་ཕོ་བྲང་གི་ཕྱོགས་བཞིར་ཨུཥྞཱི་ཥའི་སྒོམ་བཟླས་དང༌། དྲག་པོ་མདོ་བཞི་ཀློག་པ་སོགས་མཛད་ནས། སྐུ་ཚབ་ཟུང་སྦྲེལ་དང་བཅས་དཔའ་ཆེན་གྱིས་གཏད་བཏོན་ཚུལ་ནི།