R196: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་བླ་མ་ཐམས་ཅད་མཁྱེན་པ་ངག་དབང་ཀུན་དགའ་བློ་གྲོས་སངས་རྒྱས་བསྟན་པའི་རྒྱལ་མཚན་དཔལ་བཟང་པོའི་རྟོགས་པ་ངོ་མཚར་འཕྲུལ་གྱི་རོལ་རྩེད་སྡེ་བཞིའི་འབྱུང་གནས།

  • Pagination (Witness A): ༥༨༧
[A:༥༨༧]མཆོད་ཕྲེང་སོགས་ཚང་མ་འཕན་ནག་སྐུ་རྒྱབ་ནས་ལྷ་ཆེན་ནང་གི་ཞལ་ཆེན་ལྷོ། ཕུར་ཁང༌། ཁྱམས་སྟོད་སྐུ་གསུང་ཐུགས་རྟེན་རྣམས་ཀྱི་སྤྱན་སྔ་བརྒྱུད། ལྷ་ཁང་བྱང༌། ཞལ་ཆེན་བྱང་སོགས་ནས་མཐིལ་བསྐོར་དུ་ཕེབས་ཏེ། མཆོད་ཕྲེང་གི་སྔོན་དུ་ཀོང་གཞས་པ་བཅས་རིམ་བཞིན་ཕྱི་བསྐོར་འཁོར་འཕྲལ། ནང་སོར་གསུང་བསྔོའི་ཐོག་མར་རབ་གནས་ཀྱི་བཤད་པ་དང༌། ཁྱད་པར་ནང་སོའི་རྟེན་གསར་རྙིང་གི་ལོ་རྒྱུས་བཅས་གང་གི་དྲིན་ཅན་རྩ་བའི་བླ་མ་དང༌། གོང་མ་ལྔ། སྔགས་འཆང་ཆེན་པོ། །ཨ་མེས་ཞབས་རྣམས་གཙོ་བོར་སྨོས་ཏེ་མཆོད་བསྔོ་ཡང་དག་དང་མཇུག་ཆོག་རྣམས་གྲུབ་ནས། མགུལ་ལ་བཀྲ་ཤིས་པའི་ལྷ་རེག་གི་སྤྲས་ཤིང༌། རྡོར་དྲིལ་རྣམ་རྒྱལ་བུམ་པ་སོགས་བསྣམས་ནས་ཚོམས་ཆེན་དུ་རབ་སྟོན་ལ་ཕེབས་ཐོག་ཞལ་ངོ་སོགས་རིམ་བཞིན་ལེགས་འབུལ་གྱི་སྐབས། འཇམ་མགོན་གཞོན་ནུས་ཕྱག་དབང་ཐོག་མ་གནང་བའི་དུས་དང༌། རབ་སྟོན་ཉིན་གོང་མ་གྲོལ་འཕྲལ་ས་རུབ་ཙམ་ལ་ཁ་སྐོང་སྦྱིན་སྲེག་ཚུགས་ཏེ་སྲོད་ཆེན་ལ་གྲོལ་བར་མཛད་པ་སྟེ། རབ་འབྱམས་རྒྱལ་བ་ཀུན་གྱི་དྲག་པོའི་ཕྲིན་ལས་གཅིག་བསྡུས་དཔལ་ཕྲིན་ལས་ཀྱི་མགོན་པོ་དམ་ཅན་མོན་བུ་པུ་ཏྲ་ཆེན་པོའི་སྣང་བརྙན་རིང་བསྲེལ་རྣམ་བཞི་སྤྱི་བྱེ་བྲག་གི་བདག་ཉིད་རབ་ཏུ་གནས་པ་ཐུན་མོང་དང་ཐུན་མོང་མ་ཡིན་པའི་སྒོ་ནས་ཡེ་ཤེས་སེམས་དཔར་སྒྲུབ་པར་མཛད་པ་དང༌། བཞུགས་གནས་ནང་སོ་པུ་ཏྲ་ཁང་ཉམས་གསོ་གསར་བཞེངས་དྲག་པོའི་གཞལ་ཡས་ཁང་ཚད་དང་མཚན་ཉིན་ཅན་དུ་བསྐྲུན་པ་དང༌། གུ་རུ་རིན་པོ་ཆེའི་ཕྱག་བཟོ་ཞལ་འབག་དང༌། བླ་ཆེན་འཕགས་པའི་ཐུགས་དམ་མ་གུར་དང༌། ས་ལོའི་ཐུགས་དམ་པུུ་ཏྲའི་སྐུ་སོགས་ལ་ཉམས་གསོ་ངོ་མཚར་ཅན་དང༌། ཁྲག་མཚོའི་སྣོད་ཟངས་ཆེན་བཀྲ་ཤིས་འོད་འབར་ལ་ཉམས་གསོ་བཞུགས་ཡུལ་བཀོད་ལེགས། ཡི་དམ་ཆོས་སྐྱོང་