R196: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་བླ་མ་ཐམས་ཅད་མཁྱེན་པ་ངག་དབང་ཀུན་དགའ་བློ་གྲོས་སངས་རྒྱས་བསྟན་པའི་རྒྱལ་མཚན་དཔལ་བཟང་པོའི་རྟོགས་པ་ངོ་མཚར་འཕྲུལ་གྱི་རོལ་རྩེད་སྡེ་བཞིའི་འབྱུང་གནས།

  • Pagination (Witness A): ༥༨༨
[A:༥༨༨]སྤྱི་དང་བྱེ་བྲག་ལས་མཁན་དབང་པོའི་རྣམ་དྲུག་རྟེན་དང་གཏོར་མ་གསུམ་ལ་སོགས་པ་རྗེ་བཙུན་ས་སྐྱ་པའི་སྡེ་བསྟན་པ་གདུང་བརྒྱུད་དང་བཅས་པའི་འཐས་སུ་ཡང་དག་པར་མཛད་དོ། །ཚོགས་མང་སྐབས་ནུབ་གཅིག་གཟིགས་སྣང་དུ། བུད་མེད་འཆོར་མོ་དང་ཧྲུལ་མོ་མང་པོ་ཀུན་རང་གཞས་བྱེད་མུ་ནས། ཧྲུལ་མོ་རྣམས་ཕོ་བྲང་རྩེར་རྒྱུག་ཤར་བྱེད་པ་ཞིག་འཁྲུངས་པ་ནི་ནད་ངོར་ངོས་འཛིན་མཛད་ཅིང༌། དེ་དང་སྐར་མ་ངན་པ། རོང་ཁོག་ཁ་ཤས་ལ་ཉི་མ་བདུན་དང་གསུམ་སོགས་མཐོང་སྣང་སྣ་ཚོགས་བྱུང་བ་སོགས་བསྟན་འགྲོ་སྤྱི་སྒེར་གྱི་རིམ་གྲོར་ཆེད་དུ་དགོངས་ཏེ། གུར་མགོན་གཏོར་མའི་ལས་ཚོགས་རྗེ་བཙུན་གོང་མའི་ཕྱག་བཞེས། ངོར་ཆེན་རྡོ་རྗེ་འཆང་དང༌། བདག་ཆེན་རྡོ་རྗེ་འཆང་སོགས་ཀྱི་གསུང་རབ་ནས་འབྱུང་བའི་དམར་ཆེན་གཏོར་བཟློག་རྒྱས་པ་རྗེ་ཉིད་ནས་བསྐུལ་གནང་གིས་སྒྲུབ་སྐབས། ནུབ་གཅིག་ཟོར་ལས་ལྔའི་མགྱོགས་གཏོར་དང་བསྟུན་བསམ་བརླིང་ཕྱོགས་ནས་བྱུང་བ་འདྲ་བའི་གཙོ་ཞིག་ཤར་ཕྱོགས་སུ་མཆེད། ཉེར་བརྒྱད་ཉིན་ཁ་བ་འཚུབས་པ་དང་བཅས། བལ་ཡུལ་ནས་གོརྵའི་བློན་པོ་སོགས་མི་སྣ་མང་པོ་དང༌། སྤང་ཤིང་ཕུན་ཚོགས་སོགས་སྐྱིད་གྲོང་པ་རེ་གཉིས་བཅས་འབྱོར་ཕྱག་པུ་ཏྲའི་བསྟོད་བསྐུལ་དང་མཉམ་དུ་བྱུང་བས་མོན་བུ་དངོས་སུ་འོང་བ་ལྟ་བུའི་ཐུགས་ཉམས་འཁྲུངས། གོར་རྒྱལ་ནས་གསུང་བྲིས་རྟེན་བཅས་དང༌། མི་སྣ་རྒན་པ་དེས་རྡོ་ནག་གི་ཕོར་པ་གུ་ཡུས་བཀང་བ་སོགས་སྤྱི་སྒེར་ནས་འབུལ་བ་དང༌། སྐུ་སང་ལ་མི་སྣ་ལོཙྪ་བཅས་ལ། རྒྱལ་པོའི་སྐུ་ཁམས་ལས་འཕྲོས་པའི་གསུང་ཞིབ་གླེང་མཛད་པས། ཁོ་ན་རེ། སྔར་ནས་བལ་ཡུལ་རྒྱལ་ཁག་མང་པོས་རྒྱལ་བ་ཡབ་སྲས་སོགས་ཆེ་གཉན་དུ་མའི་ཕྱག་མཛོད་དངུལ་མིན་གྱིས་བཀང་ཞིང༌། ཚོང་འདུས་རྣམས་ཀྱང་མ་རུངས་བར་བྱས། བལ་ཡུལ་དུའང་གཡུལ་ཁོ་ནས་ཐུགས་བསུན་རང་བྱུང་ཡང༌། ད་ཆ་གོརྵ་ནས་བལ་ཡུལ་ཡོངས་རྫོགས་