R196: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་བླ་མ་ཐམས་ཅད་མཁྱེན་པ་ངག་དབང་ཀུན་དགའ་བློ་གྲོས་སངས་རྒྱས་བསྟན་པའི་རྒྱལ་མཚན་དཔལ་བཟང་པོའི་རྟོགས་པ་ངོ་མཚར་འཕྲུལ་གྱི་རོལ་རྩེད་སྡེ་བཞིའི་འབྱུང་གནས།

  • Pagination (Witness A): ༥༨༩
[A:༥༨༩]དབང་ཞིང༌། བོད་དང་སྔར་ནས་ལུགས་མཐུན་རང་ཡིན་པ་བཞིན། སླད་ནས་ཀྱང་དེ་བཞིན་བཅས་ཊཾ་གསར་འཇའ་འུ་དངུལ་ཚད་ལྷད་མེད་འདི་བཞིན་འདོན་རྒྱུར། བོད་ནས་ཀྱང་གསེར་ཐང་བརྒྱད་མ་སོགས་དང༌། རྒྱལ་བ་ཡབ་སྲས། རྒྱལ་ཚབ་དམ་པ། བཀའི་དགུང་བློན་རྣམས་བཅས་ལ་རྒྱུ་མཚན་ཞུ་རྒྱུ་བཅས། འདི་ནས་ཀྱང་ཆར་པ་ཆུ་གྲོགས་དང༌། གཞན་ལའང་བཀའ་འདོམས་དགོས་ཚུལ་རྒྱལ་པོའི་བཀའ་ཤོག་ལའང་ཡོད་ཅིང༌། ངག་ལམ་ནས་ཀྱང་ཞུ་དགོས་བཞིན་བླ་མ་ཁྱོད་ཀྱིས་ཕན་འགྱུར་བྱེད་དགོས་ཞེས་གླེང་བར། རྗེ་རྡོ་རྗེ་འཆང་གི་གསུང་ལས། ཕྱག་མཛོད་སོ་སོ་དང་ཚོང་འདུས་སོགས་གང་སར་ཕན་བཞེད་དེ་བཞིན་རྗེས་སུ་ཡི་རང༌། རང་ནི་གདན་ས་གོ་མཐོ་བ་ལས་རྒྱལ་ཁམས་ལ་བཀོད་པ་ཐུབ་པ་ཞིག་མིན་ཡང༌། སྙན་འབུལ་ཞུ་འོས་ཚང་མར་ཁྱེད་རྒྱལ་བློན་གྱིས་དགོངས་པ་བཞིན་སྣེ་སྦྱོར་ཡང་དག་ཞུ། སྔར་ནས་གཡུལ་ཁོ་ནས་འོ་བརྒྱལ་བྱུང་འདུག་པས། ད་ཆ་ལུང་པ་དེས་མཚོན། སེམས་ཅན་རྣམས་ལ་བྱམས་སྐྱོང་མཛད་ན་དོན་ཐམས་ཅད་འགྲུབ་པས། རྒྱལ་པོར་དེ་བཞིན་ཞུ་གྲོགས་གྱིས། ཞེས་པའི་རྡོ་རྗེའི་ཐ་ཚིག་དེས་ཁོང་རྣམས་ཐལ་མོ་སྦྱར་ཞིང་མགོ་དུད་པ་བཅས་དགའ་མགུ་ཡི་རང་ལ་འཁོད་ཅིང༌། ཟུར་གསོས་སོགས་གནང་ཆ་ཡང་དག་མཛད། ཉེར་དགུའི་ཉིན་བསྐུལ་དང་བསྟུན་ཕྱོགས་བཞིར་རུ་འདྲེན་དང༌། ལས་མགོན། གུར་ལྕམ་དྲལ་གྱི་འཆམས་སྐུ་བྱིན་ཅན་རྣམས་འཆམས་པར་མཛད་པས། ཆུ་ཁ་མར་དུས་གསུམ་རྒྱལ་བའི་དྲག་བསྐུལ་དུས། མཁས་བཙུན་ཆེན་པོའི་ཐུགས་དམ་མ་ཁྱེར་མིས་མ་ཐེག་པས་ཉེན་བསླངས། ཟོར་འཕེན་ཕྱོགས་སུ་ཞལ་བུབ་ལ་ཁད་ཀྱི་ཉམས་དང༌། རླུང་ཕྱོགས་ཀྱང་ལེགས་ཤིང༌། བྱ་ཁྲ་མར་མདུན་གྱི་ཤུགས་འདྲེན་མཚོན་པའི་བུ་མོ་རྣམས་ནས་ཞིང་སྟེང་དུ་མདའ་དར་དྲང་པོར་བཙུགས་པས། རྗེ་ཉིད་ཀྱི་གསུང་