R196: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་བླ་མ་ཐམས་ཅད་མཁྱེན་པ་ངག་དབང་ཀུན་དགའ་བློ་གྲོས་སངས་རྒྱས་བསྟན་པའི་རྒྱལ་མཚན་དཔལ་བཟང་པོའི་རྟོགས་པ་ངོ་མཚར་འཕྲུལ་གྱི་རོལ་རྩེད་སྡེ་བཞིའི་འབྱུང་གནས།

  • Pagination (Witness A): ༥༩༠
[A:༥༩༠]ལས། མི་འགྱུར་ཚེ་ཡི་ཀ་བ་ཚུགས་རྟགས་སུ་འདུག་གསུངས། སྨིན་ཟླ་སྔོན་མར་ནང་སོ་མགོན་ཁང་དུ། རྟེན་མདོས། རྟག་གཏོར་སོགས་འཛུགས་གནང་སྐབས། མདོས་གཞུང་དམ་པས་མཛད་པའི་མགོན་མདོས་རྒྱས་པ་དང༌། པུ་ཏྲའི་སྒེར་མདོས། བསྐང་གསོ། མདོས་ཀྱི་ཕྱག་ཚད་ཡི་གེ་རྣམས་གུང་བསྒྲིགས། ཤོམ་དང་འདོན་འཁྲིགས་དབྱངས་རོལ་བཅས་རྗེ་ཉིད་ནས་ཞག་འགའ་གནང་བས་ངོ་མཚར་བའི་རྟགས་ཀྱང་མང་དུ་འཁྲུངས་ཤིང༌། དེ་མཚམས་ནས་རྗེ་རྡོ་རྗེ་འཆང་ཉིད་ཀྱི་ཐུགས་བསྐྱེད་རྨད་དུ་བྱུང་བས། གདན་ས་ཆེན་པོ་འདིར་རིག་གནས་ཀྱི་སློབ་གྲྭ་འཛུགས་བཞེད་རིང་མོ་ཞིག་ནས་འཁྲུངས་པ་དེ་ཉིད་ཕྱག་ཏུ་སོན་ཏེ། མཁས་དབང་ཞེ་ཆེན་དྲུང་ཡིག་འབྱོར་ཞིང༌། ཆོས་གྲྭ་ལྷོ་ནས་མི་གྲངས་བཅུ་དྲུག་ཐོག་མར་སློབ་གྲྭར་བཀས་མངགས་ཏེ་འཕགས་ཆེན་མཆོག་གི་སྤྱོད་པར་ཐུགས་གཞོལ་བའི་སྐབས་སོ། །དེ་དག་གི་དོན་བསྡུ་ན། ཡེ་ཤེས་མགོན་པོར་མངའ་བརྙེས་ཆོ་གའི་ཚེ། །མཆེད་ཟླའི་རྗེ་བཙུན་སྐྱེངས་ཏེ་དབྱིངས་སུ་གཤེགས། །གློ་བུར་རྐྱེན་ངན་ལྷགས་པའི་གཞིས་མགྲོན་རྣམས། །ཐུགས་རྗེས་སྦྱངས་སོ་འགྱོད་པས་ཅིའི་ཕྱིར་གདུངས། །འཇམ་མགོན་གཞོན་ནུའི་མཁྱེན་པའི་མེ་ལོང་ལ། །ལྟར་སྣང་ཆོས་ཀྱི་མ་མོ་འབད་མེད་འཁྲུངས། །ངན་གཏད་ནུས་པའི་གཡའ་བྲལ་ཐང་ཡངས་སུ། །ངོ་མཚར་རྟེན་བརྟེན་སྣང་ལ་རང་བཞིན་མེད། །རྫས་སྔགས་ཏིང་འཛིན་གཡུལ་དུ་ནད་བདག་དཔུང༌། །བཅོམ་ནས་བལ་རྒྱལ་རྡོ་རྗེའི་ཚིག་གིས་བསྐྱངས། །ཚེ་ཡི་ཀ་བ་ཚུགས་པའི་ལ་ཉེའི་མགུར། །རིག་གནས་རྒྱ་མཚོ་རྒྱས་པའི་ངོགས་སུ་གྲོལ། །ཅེས་ཀྱང་སྨྲས་སོ།། །། ༈ དགུང་གྲངས་ཞེ་གཉིས་སུ་ཕེབས་པ་ལྕགས་སྟག་དབོ་ཟླའི་ནང༌། སོག་ཡུལ་ཧ་ལ་ཤན་ནས་དྭགས་པོ་སྤྲུལ་སྐུ་འབྱོར་བར། སྡོམ་གསུམ་རབ་དབྱེའི་ལྗགས་ལུང་ཞིག་སྩལ་ཞིང༌། ནག་ཟླའི་ནང་མཛོད་འཛིན་པར་བཀའ་གསང་འདི་ལྟར་གྲོལ་ཏེ། འཛམ་