R196: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་བླ་མ་ཐམས་ཅད་མཁྱེན་པ་ངག་དབང་ཀུན་དགའ་བློ་གྲོས་སངས་རྒྱས་བསྟན་པའི་རྒྱལ་མཚན་དཔལ་བཟང་པོའི་རྟོགས་པ་ངོ་མཚར་འཕྲུལ་གྱི་རོལ་རྩེད་སྡེ་བཞིའི་འབྱུང་གནས།

  • Pagination (Witness A): ༥༩༡
[A:༥༩༡]གླིང་བསྟན་པའི་བདག་པོ་ས་སྐྱ་པ་ཞེས་རྗེ་ས་ཆེན་གྱི་སྐུ་ཐོག་ནས་བཟུང༌། དེང་སང་གི་བར་དུ་རང་གིས་བསྒྲགས་པ་མ་ཡིན་པར། རྒྱ་བོད་མཁས་གྲུབ་དང་གཟུར་གནས་ཀུན་གྱིས་རང་བཞིན་བརྗོད་དུ་གསུངས་པ་དེ། སྐྱེ་དགུ་ཕལ་ཆེར་ལ་རླུང་ལྟར་གྲགས་པ་འདི་ལ། ངོ་མཚར་གྱི་གཙོ་བོ་སྤྱི་རིང་ནས་བཟུང་གདུང་རབས་རིན་པོ་ཆེ་ཟམ་མ་ཆད་པར་བྱོན་ཞིང༌། གཞན་ཡང་གནས་མཆོག་འདི་ན་འཕགས་བོད་ཀྱི་སྐུ་རྟེན་ངོ་མཚར་ཅན་དང༌། བཤད་སྒྲུབ་དར་ཞིང་རྒྱས་པ་འདི་ཡང་ངོ་མཚར་གྱི་གནས་ཡིན་མོད། དེ་རྣམས་ཀྱི་ནང་ནས་ཞིང་འདིའི་སྐྱེ་འགྲོ་ཕལ་ཆེར་གྱིས་རྟོགས་སླ་བ་ནི། བླ་ཆེན་འཕགས་པ་རིན་པོ་ཆེ་བློ་གྲོས་རྒྱལ་མཚན་དཔལ་བཟང་པོའི་ཐུགས་བསྐྱེད་དང་ཕྲིན་ལས་ཀྱིས་སྤྲུལ་པའི་ལྷ་ཁང་ཆེན་མོ་འདི་ལ། འཛམ་གླིང་འདི་ནས་ལྷོ་ཕྱོགས་ཤྲཱིདྷཱ་ནྱ་ཀ་ཊ་ཀའི་གྲོང་ཁྱེར་དང༌། བྱང་ཤམ་བྷ་ལའི་རིགས་ལྡན་ཕོ་བྲང་འགྲན་ཟླར་མཆིས་ན་མ་གཏོགས་ཀུན་གྱིས་སྤྱོད་ཡུལ་དུ་རྫུ་འཕྲུལ་གྱི་བཀོད་པ་འདི་བས་ལྷག་པ་མེད་སྙམ་པ་དང༌། དག་པའི་གཟིགས་ངོར་བདེ་བ་ཅན་གྱི་ཞིང་ཁམས་ཀྱང་དེ་བཞིན་བཅས། ས་སྐྱ་པའི་བསྟན་དགྲ་གདུག་ཅན་རྣམས་ཀྱིས་ཀྱང་འདི་ལ་ཆ་ཤས་ཙམ་ལས་རྒོལ་མ་ནུས་པས་བསྐལ་པའི་བར་དུའང་རྗེ་བཙུན་ས་སྐྱ་པའི་ཕྱག་ཏུ་གནས་ཐུབ་པ་འདི་ལ། འཕགས་པ་རིན་པོ་ཆེའི་ཞབས་རྗེས་པ་རང་གཞན་ཀུན་གྱི་ལུས་སྲོག་ལོངས་སྤྱོད་ཐམས་ཅད་ཞབས་ཏོག་ཏུ་འབུངས་དགོས་ངེས་བཞིན། དེ་ནས་བཟུང་གདུང་རབས་དཔོན་རབས་སྦྱིན་བདག་བཅས་ཀྱིས་སྤྲུལ་པའི་གནྡྷོ་ལ་འདི་གཅེས་པར་སྐྱོང་བར་མཛད་འདུག་པ་དང༌། ཁྱད་པར་སྔགས་འཆང་ཆོས་ཀྱི་རྒྱལ་པོས་རྟེན་བརྟེན་པར་བཅས་ལ་ཞབས་ཏོག་བླ་མེད་མཛད་ཅིང༌། ངེད་རང་གི་ཐོག་ལའང་ཕྱི་ནང་གི་སྤེན་པད་ཉམས་གསོ་གསར་བཞེངས་དང༌། སྐུ་གསུང་གི་རྟེན་ཁྱད་མཚར་གྲངས་མང་མཆིས་ཀྱང༌། ཐུགས་རྟེན་ངོ་མཚར་ཅན་མ་མཆིས་པས་འཛམ་གླིང་འོད་