R196: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་བླ་མ་ཐམས་ཅད་མཁྱེན་པ་ངག་དབང་ཀུན་དགའ་བློ་གྲོས་སངས་རྒྱས་བསྟན་པའི་རྒྱལ་མཚན་དཔལ་བཟང་པོའི་རྟོགས་པ་ངོ་མཚར་འཕྲུལ་གྱི་རོལ་རྩེད་སྡེ་བཞིའི་འབྱུང་གནས།

  • Pagination (Witness A): ༥༩༢
[A:༥༩༢]གསལ་འདི་ཉིད་གསར་བསྐྲུན་བཅས་བགྱིས་ཤིང༌། མ་འོངས་པ་ནའང་ཚུལ་དེ་ལྟ་བུ་བསྒྲུབ་དགོས་སོ། །ཞེས་སྟོན་པ་མཚོན་བྱེད་དུ་ད་ལམ་གཙུག་ལག་ཁང་གི་རྩེར་སྐལ་ལྡན་ཐམས་ཅད་བགྲོད་པའི་སྐས་རིང་ངོ་མཚར་ཅན་ཀུན་གྱི་བློར་མི་ཤོང་བ་ལྟ་བུ་དང༌། སྙན་གྲགས་འབུམ་དུ་ལྡིར་ཞིང་མདོ་སྔགས་ཆོས་ཀྱི་སྒྲ་དབྱངས་གནས་མཆོག་འདི་ནས་སྟོང་གསུམ་ཀུན་ལ་ཁྱབ་པར་མཚོན་ཕྱིར་རྔ་བོ་ཆེ་གསར་བསྐྲུན་སོགས་བཀའ་འདོམས་ཚར་ཕྱིན་དུ་སྩལ་འཕྲལ། གཟའ་ཚེས་དགེ་བ་ནས་དབུ་ཚུགས་ཏེ་རིམ་གྱིས་འགྲུབ་ཉེར། ཆོས་ཚིགས་མར་ངོ་སྔོན་འགྲོའི་དོན་ཆོས་པ་རྣམས་དཀའ་སྤྱད་སྔོན་ལ་བཏང་ནས་ལུང་རྟོགས་ཡོན་ཏན་ཕྱི་ནས་འཕེལ་བ་མཚོན་ཕྱིར། སྣྲོན་ཟླའི་ཉེར་གསུམ་ལ་སྐས་འཛུགས་དང༌། འཇིག་རྟེན་པ་རྣམས་ཡར་ངོ་སྔོན་འགྲོའི་དོན་བདེ་སྐྱིད་འཕེལ་ཡང་འཁོར་བའི་ཆོས་ལས་མ་འདས་སོ། །ཞེས་པས་ན་འདིར་བདེ་སྐྱིད་འཕེལ་བ་མཚོན་ཕྱིར་ཆུ་སྟོད་ཚེས་བཞིར་དགེ་ཚ་ཤོལ་ནས་ཞལ་དྲོ་མཛད་དགོས་ཀྱི་བཀའ་བཞིན་རྡོ་སྐས་གསུམ་དང༌། ཤིང་སྐས་སན་ཞེ་གཅིག །སྔར་ཡོད་སྒོ་ཐེམ་ཐེ་བའི་ཞེ་ལྔ་མཆིས་པ་སྟེ། དེ་ལྟའི་སྐས་རིང་ངོ་མཚར་ཅན་དེ་ཐག་པ་དང་རྒྱུག་བཟོའི་འཕྲུལ་སོགས་ཀྱིས་འཛུགས་སྐབས་ཀྱང་རྗེ་ཉིད་ཀྱི་ཐུགས་བསྐྱེད་ཁོ་ནས་རྒྱུན་རིང་མ་འགོར་བར་དཀའ་ཚེགས་དང་བྲལ་ཏེ་གཟེངས་ཀྱིས་འབད་མེད་ལྷུན་གྱིས་གྲུབ་ཅིང༌། ཚེས་གསུམ་སྲོད་ཆར་ཐོག་མར་དྲི་བཞོན་གྱིས་རྡུལ་གཅགས། ཟིམ་ཆར་གྱིས་ས་གཞི་སྣུམ་པོར་བྱས། འབྲུག་སྐད་སྙན་པར་བསྒྲགས་པ་སོགས་སྔོན་འཕགས་ཆེན་དེ་ཉིད་ཀྱིས་ཆུ་མིག་ཆོས་འཁོར་གྱི་རྣམ་ཐར་ལས་བྱུང་བ་དེ་སླར་ཡང་ཤར་བའི་ངོ་མཚར་དང༌། ཚེས་བཞིར་གསོལ་ཐབ་སྤོ་གནང་དང་ཆབས་གཅིག་རྗེ་རྡོ་རྗེ་འཆང་གི་དབུ་གཡས་ཞལ་ངོ་རྣམས་དང༌། ཆོས་གྲ་རྣམ་གཉིས། དྲུང་འཁོར་ལྟོ་གཟན་ཤར་ནུབ་ཀྱི་མི་སྡེ། ཞེ་དྲུང་སོགས་ཁ་འཐོར་བ་རགས་བསྡུས་བཅས་གངས་ཉི་ཤར་ཙམ་ལ་གང་འཁོད་ཚང་མ་གཟབས་