R196: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་བླ་མ་ཐམས་ཅད་མཁྱེན་པ་ངག་དབང་ཀུན་དགའ་བློ་གྲོས་སངས་རྒྱས་བསྟན་པའི་རྒྱལ་མཚན་དཔལ་བཟང་པོའི་རྟོགས་པ་ངོ་མཚར་འཕྲུལ་གྱི་རོལ་རྩེད་སྡེ་བཞིའི་འབྱུང་གནས།

  • Pagination (Witness A): ༥༩༣
[A:༥༩༣]བཞེས་ཀྱིས་རིམ་འདུས་དང་བཅས། སྐས་ཞབས་སུ་ཆོས་དུང་རིན་པོ་ཆེ་རྗེ་ཉིད་ཀྱི་ཕྱག་ཏུ་བཞེས། འཇམ་མགོན་སྐུ་མཆེད་ལ་ཚེ་དཔག་མེད་དང་བཀྲ་ཤིས་རྫས་རྟགས་ཀྱི་ཙཀླི་ཕུལ། ཞལ་ངོ་གཞན་རྣམས་ནས་ཕྱག་ཆ་གང་འོས། མཁན་པོས་ཐུབ་དབང་གི་སྐུ། ཕྱག་གཉེར་ནས་འདོད་འཇོ་མཚོན་ཕྱིར་བུམ་པ་ཉེར་ལྔའི་རྫས་ཀྱིས་བཀང་བ་ཁ་རྒྱན་མགུལ་འཆིང་ཅན། དྲུང་འཁོར་ནས་ཕྱག་ཆ་གང་འོས། ཆོས་གྲྭ་བྱང་པས་རྡོར་དྲིལ་བུམ་པ་སོགས། ལྷོ་པས་བཀའ་བསྟན་གླེགས་བམ། གཞན་བྱིངས་ནས་རང་རང་གི་བློས་དཔྱད་ཀྱི་ལག་ཆ་བཅས། ཆོས་དུང་རིན་པོ་ཆེའི་གསུང་གིས་ཐམས་ཅད་བསྐུལ་བར་མཛད་ནས། རྗེ་རྡོ་རྗེ་འཆང་ཉིད་ཐོག་མར་ཕེབས་པའི་སྔོན་ཙམ་ལ། བྱེའུ་ཆུང་ངུ་ཞིག་གྱེན་འགྲོའི་ཚུལ་གྱིས་བྱུང་བ་ནི། གཙུག་ལག་ཁང་ཆེན་པོའི་སྲུང་མས་བསུ་བ་མཛད་པའི་བརྡ་དང༌། དེའི་ཚེ་རྗེ་ཉིད་ཀྱིས་འཕགས་པ་རིན་པོ་ཆེའི་གསུང་ཚེ་དཔག་མེད་ཀྱི་བཀྲ་ཤིས་ཤློ་ཀ་བཅུ་དང༌། གཙུག་ཏོར་དྲི་མེད་དཀྱིལ་ཆོག་ནས་བྱུང་བའི། རྨི་ངན་འཇིག་དང༌། ཞེས་པ་ནས། ནོར་དང་བཀྲ་ཤིས་རྣམ་པར་འཕེལ། །ཞེས་པའི་བར་ཤློ་ཀ་སོ་བཞི། རྗེ་ཉིད་ཀྱི་གསུང་དཔལ་ས་སྐྱ་པའི་ཆོས་སྲིད་ལ་དགེ་ལེགས་འབྱུང་བའི་ཤློ་ཀ་གཅིག་སྟེ་སྐས་སན་གྱི་གྲངས་དང་མཐུན་པར་མཛད་མུར་གྱེན་ཕེབས་ཀྱང་དགོས་པ་འདི་ལྟ་བུ་དང་ལྡན་པ་སྟེ། ཚེ་དཔག་མེད་ཀྱི་བཀྲ་ཤིས་ནི། སྟེང་ཕྱོགས་འཇིག་རྟེན་གྱི་ཁམས་ཡོན་ཏན་དཔག་ཏུ་མེད་པ་ལ་བསྔགས་པ་ཡིན་པས་གྱེན་ཕེབས་ལ་ངེས་པར་གནད་དུ་ཆེ་བ་དང༌། དྲི་མེད་ནས་འབྱུང་བའི་བཀྲ་ཤིས་ནི། གཞུང་དེ་ཉིད་ལས། ལམ་འཇུག་དུས་དང་ནོར་དང་འབྲུ་རྣམས་སྡུད་པ་དང༌། །ནངས་པར་དུས་སམ་ཡང་ན་ཞི་བའི་ལས་བྱེད་དང༌། །དགའ་སྟོན་ཀུན་ནས་འཇུག་དང་དགོས་པ་སྒྲུབ་པ་ན། །མིང་ཚིག་འདི་དག་མི་ཡིས་རབ་ཏུ་སྒྲིམ་སྟེ་ཉོན། །ཞེས་གསུངས་པས། ལམ་འཇུག་ནི་སྐས་རིང་ལ་གྱེན་