R196: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་བླ་མ་ཐམས་ཅད་མཁྱེན་པ་ངག་དབང་ཀུན་དགའ་བློ་གྲོས་སངས་རྒྱས་བསྟན་པའི་རྒྱལ་མཚན་དཔལ་བཟང་པོའི་རྟོགས་པ་ངོ་མཚར་འཕྲུལ་གྱི་རོལ་རྩེད་སྡེ་བཞིའི་འབྱུང་གནས།

  • Pagination (Witness A): ༥༩༥
[A:༥༩༥]དང་དེ་མཚམས་ནས་མཛོད་འཛིན་བླ་བྲང་མཆོག་ཏུ་གཏན་ཚིགས་ཞུ་བར་ཕེབས་པས་མགོ་འདྲེན་བདག་རྐྱེན་གྱི་བརྩེ་འཛིན་ཡང་དག་གནང༌། དེ་ནས་ཞལ་དྲོའི་ལྷུམས་ཞུགས་དུས་སྟོན་གྱི་ཐོ་རེངས་མནལ་ལམ་དུ། ཕུན་གླིང་དབང་ཁང་ནུབ་བྱང་གི་ཀ་བ་འགྱུར་ནས་གཟིམ་ཆུང་ཡོངས་རྫོགས་ལ་སྐྱོན་ཡོང་ལ་ཁད་མཆིས་པས། རྗེ་ཉིད་ཀྱི་སྐུ་གཟན་སྣེ་མོས་ཀ་བ་དེ་བརྡུངས་ཤིང་བགེགས་སྐྲོད་དང༌། ཕུན་སུམ་ཚོགས་པའི་ཤིས་བརྗོད་མཛད་སོང་བས། མི་ཞིག་ནས་ད་སྐྱོན་ཡོང་བ་མེད་ཟེར་མུར་མནལ་སད། དེ་སྐབས་མཛོད་འཛིན་པར་ཡར་ལམ་རྟ་དྲེའུའི་གདོང་འུར་གྱིས་འགའ་ཞིག་གི་རྐང་ལག་ལ་སྐྱོན་པ་སོགས་འཚུབས་ཉམས་དེ་དག་ཞི་བའི་བཀའ་འདོམས་དང༌། ཕུར་སྒྲུབ་སྐབས་གང་གི་རྔ་བོ་ཆེ་གསར་བཞེངས་ལ་ཤིང་རྩི། ནང་གཟུངས། རྔ་ལྤགས། དབྱུག་གུ། ཁྲི། བཞུགས་ཡུལ་སོགས་ཕལ་ཆེར་གྲུབ་སྟེ་གསུང་བསྐུལ་གྱི་ཐོག་མ་འདར་གྲང་མཁན་ཆེན་ངག་དབང་གིས་མཛད། དེ་ལོ་བསམ་ཡས་ཆོས་སྐྱོང་གི་ལུང་བསྟན་དུ་སྤྲེའུའི་མགོ་ཏོག་གི་རྒྱལ་མཚན་སོགས་དགོས་གསུངས་པ་བཞིན་སྩལ། ཁྲུམས་ཟླའི་སྒྲུབ་མཆོད་ཐོག་སྟོད་སྒར་དཔོན་ཤག་བྱང་ཨེརྑེ་ཐཱ་ཇི་འབུལ་ཆེན་དང་བཅས་འབྱོར་བས་གང་ཅིའི་གསུང་གླེང་ཞིབ་ཆ་དང༌། བྱབས་ཁྲུས་བཅས་སྩལ། དབྱུག་ཟླའི་ཆོག་མང་བདེ་ཀྱེ་གསང་གསུམ་ཐོག་རབ་ཏུ་གནས་པ་སྦྱོར་གནང་གིས་གོང་གི་འཕགས་པ་རིན་པོ་ཆེའི་རྣམ་ཐར་ཞལ་ཐང་གསར་བསྐྲུན་ངོ་མཚར་ཅན་དང༌། གདུང་རབས་རིན་པོ་ཆེའི་ཞལ་ཐང་གསར་བསྐྲུན། གཞན་ཡང་ཕུར་ཁང་དུ་གསར་བཞེངས་མང་པོ། ལྷ་ཁང་བྱང་དུ་འཇམ་རྡོར་བླ་བརྒྱུད་བྲིས་རྙིང་དང༌། གྲུབ་བརྒྱ་ཁམས་ཐང་སོགས་ཞལ་ཕྱེ་ནས་ཆོ་ག་རྣམས་ཆུ་ལུག་ལོ་བཞིན་མཛད་དུས། སྟ་གོན་ཉིན་ཁང་གསར་དཔོན་བགྲེས་གཞོན་ལ་འཐོན་ཕྱག་ཐོག་རྗེ་ཉིད་ཀྱི་མགུལ་ལ་མཛོད་རྙིང་ཁྱད་མཚར་སྒྲོན་པ་དང༌།