R196: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་བླ་མ་ཐམས་ཅད་མཁྱེན་པ་ངག་དབང་ཀུན་དགའ་བློ་གྲོས་སངས་རྒྱས་བསྟན་པའི་རྒྱལ་མཚན་དཔལ་བཟང་པོའི་རྟོགས་པ་ངོ་མཚར་འཕྲུལ་གྱི་རོལ་རྩེད་སྡེ་བཞིའི་འབྱུང་གནས།

  • Pagination (Witness A): ༥༩༤
[A:༥༩༤]ཕེབས་དང༌། ནོར་སོགས་སྡུད་པ་ནི་དེའི་ཚེ་ལེགས་གསོའི་དངོས་པོ་རྣམ་སྲས་ཀྱི་བང་མཛོད་ཁ་བྱེ་བ་ལྟ་བུ་དང༌། ནངས་པར་ནི་ཆུ་སྟོད་ཚེས་བཞི་གངས་ཉི་ཤར་དུས་དེ་དང༌། ཞི་བའི་ལས་ནི། འབྲེལ་ཐོགས་ཀྱིས་མཚོན་སེམས་ཅན་ཐམས་ཅད་ཀྱི་སྡུག་བསྔལ་ཞི་བའི་ཐུགས་བསྐྱེད་དེ་བཞིན་དང༌། དགའ་སྟོན་ནི། མདོ་སྔགས་ཀྱི་གཞུང་དུ་མ་འདོན་པ་དང་ལྷན་ཅིག་བསྙེན་བཀུར་དང༌། སྐྱེ་བོ་རྣམས་སོ་སོའི་འདོད་ཡོན་གྱིས་ཚིམས་པར་མཛད་མཐར་གླུ་གར་སོགས་རྒྱ་ཆེར་གནང་བ་དང༌། དགོས་པ་ནི། བསྟན་འགྲོ་སྤྱི་བྱེ་བྲག་གི་ཆོས་སྲིད་ཡར་འགྲོའི་རྟེན་འབྲེལ་ཙམ་དུ་མ་ཟད། རྗེ་རྡོ་རྗེ་འཆང་ཡབ་སྲས་དཔོན་བརྒྱུད་དང་བཅས་ལ་འབྲེལ་ཐོགས་ཐམས་ཅད་སྲིད་ཞིའི་རྩེ་མོར་འཁྲིད་པ་སོགས་ཏེ། སྐས་འགོའི་སྒོ་ནང་དུ་རྗེ་ཉིད་ཁྲིའུ་ཤིང་ལ་ཆོས་དུང་རིན་པོ་ཆེ་བསྣམས་བཞིན་པར་བཞུགས་ཏེ། ཡར་འགྲོ་ཚང་མར་ཕྱག་དབང་རྫོགས་ནས། རྩེར་ལྷ་བསངས་སྐབས་བྱ་རོག་སྣུམ་བག་ཅན་གསུམ་འོངས་ཏེ་དབུས་མའི་མཆུ་ཡས་མས་མར་གྱིས་དཀར་པོར་བྱས་ཏེ། གསུམ་ག་རྗེའི་ཞལ་དཀྱིལ་ལ་བལྟ་བཞིན་དུ་སྐད་སྙན་སྒྲོགས་པར་བྱེད་དོ། །དེ་དུས་ཞལ་ངོ་བྱིངས་རྣམས་ཐེག་ཆེན་ཕོ་བྲང་དུ་བཞུགས་ཤིང༌། བཀའ་རམ་ནས་ཐིག་གཡབ་ཤར་གྱི་བྱང་དུ་ཚེ་ཆོག །བསྒྲིགས་པ་ཡན་གྱིས་དེའི་ལྷོར་འདུལ་ལུང་སྡེ་བཞི། འབུམ་སྡེ་ལྔ་སོགས་གསུང་སྒྲོགས། བཙུན་ཆུང་རིན་སྒང་རྣམས་ནས་ཆོས་སྤྱོད། བྱིངས་རྣམས་མཁར་ཐོག་ཁུད་ཡངས་སུ་བསྡད། དགའ་སྟོན་གྱི་སྤྲོ་ཟས་སོགས་སྩལ་ཏེ་རིམ་གྱིས་ལྷ་ཁང་བྱང་གི་སྐས་ལ་བཏང༌། དེ་ནས་ཐེག་ཆེན་ཕོ་བྲང་དུ་ཕྱག་ནས་དང༌། མཛོད་ནག་གཏོར་སྤོད། ཕྱི་དྲོ་སྡེ་ཡངས་སུ་ཀོང་གཞས་སོགས་ལེགས་ལམ་དཔག་མེད་མཛད་པ་དེའི་ཚེ་ལྷ་ཆེན་སྟེང་གི་རྟེན་གྲགས་ཆེ་བ་རྣམས་དང༌། ཆོས་དུང་རིན་པོ་ཆེ་སོགས་ལ་སྙན་ཤལ་འདོད་གསོལ་ཅན་རེ་འབུལ་བར་མཛད། དེའི་སང་དགེ་ཚ་