R196: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་བླ་མ་ཐམས་ཅད་མཁྱེན་པ་ངག་དབང་ཀུན་དགའ་བློ་གྲོས་སངས་རྒྱས་བསྟན་པའི་རྒྱལ་མཚན་དཔལ་བཟང་པོའི་རྟོགས་པ་ངོ་མཚར་འཕྲུལ་གྱི་རོལ་རྩེད་སྡེ་བཞིའི་འབྱུང་གནས།

  • Pagination (Witness A): ༥༩༧
[A:༥༩༧]ནས་མཛད་དེ། ལྷ་ཆེན་སྟེང་འོག་སོགས་ནས་རིམ་བརྒྱུད་ཕྱི་བསྐོར་ལ་མེ་ཆར་ཉིལ་དུས། ནམ་མཁའ་སྤྲིན་གྱིས་གང་ཞིང་རླུང་ཡང་ལྡང་བ་བཅས་ཅུང་ཟད་འཚུབས་ཉམས་དང༌། འཇམ་མགོན་གཅུང་རིན་པོ་ཆེ་སྐུ་རྒྱབ་ཏུ་གདན་འདྲེན་གྱིས་མནལ་ཐོག །བརྡལ་ལ་སྒང་བཞུགས་ཁྲིར་ཕེབས་ཚེ་ཐུགས་སྤྲོ་ཉམས་ཀྱིས་མནལ་སད་པ་ནི། མདོ་སྡེ་རྣམས་ལས། དེ་བདེ་བར་གཉིད་ཀྱིས་ལོག་ཅིང༌། བདེ་བར་སད་པར་འགྱུར་རོ། །ཞེས་གསུངས་པ་བཞིན་དང༌། ཕྱི་བསྐོར་འཁོར་ནས་རྗེ་ཉིད་ཀྱིས་མཆོད་བསྔོ་རྒྱས་པ་དང༌། བསྟན་བསྟན་འཛིན་སྤྱི་བྱེ་བྲག་སྣོད་བཅུད་བཅས་ལ་གནས་སྐབས་མཐར་ཐུག་གི་བསྔོ་སྨོན་བཀྲ་ཤིས་ཀྱིས་མཐའ་བརྒྱན་པ་བཅས་སྩལ་ཉིན་ཉི་མའང་གཞན་ལས་རིང་བ་བྱུང་ཞིང༌། དེའི་ཚེ་རྗེ་རྡོ་རྗེ་འཛིན་ཆེན་པོས་འཛིན་པར་མཛད་ཅེས་གླེང་བར་གྱུར་ཏོ། །དེ་སྔོན་གཞི་ཐོག་རྩེར་སྐུ་ཡོན་ཁང་གསར་བསྐྲུན་མཛད་པར་དབྱུག་ཟླའི་ཉེར་གསུམ་ནས་བདུན་ཕྲག་གཅིག་ཕུར་སྒྲུབ་རྡུལ་དཀྱིལ་སྟེང་ནས་ཉིན་གང་མ་མཛད་སྐབས། གཉའ་ནང་ཤོ་དཔོན་ཇིའི་སང་ཁ་ཤ་ཁའི་སྲས་དཔོན་གཡོག་ལྕགས་སོགས་དངོས་པོ་མང་པོའི་འབུལ་ཆ་དང་བཅས་འབྱོར་ཞིང༌། ཇིའི་སང་ལ་བྱང་ཆོག་ཀྱང་གནང༌། སྨིན་ཟླའི་ཚེས་གཅིག་ལ་རྩེ་ཐབ་བར་ཐབ་བཅས་ཉམས་གསོ་གྲུབ་པའི་རྩེར་ལྷ་བསངས། ཐབ་གོང་འོག་ཏུ་ཁྲུས། མདོ་ཀློག་པ་རྣམས་བན་ཚང་དབུ་བྱེད་ཟུང་ལ་བཀས་མངགས། དེ་ནས་བྱིན་རླབས་ཀྱི་གཟི་འོད་འབར་བར་མཛད་པའི་སྐུ་ཡོན་ཁང་དུ་འཇམ་མགོན་གཞོན་ནུར་གྱུར་པ་སྐུ་མཆེད་ས་ཞུ་བཞེས་ཏེ་ཐོག་མར་ཞལ་དྲོའི་རྟེན་འབྲེལ་ཚར་དུ་དངར་བ་དང་བཅས་ཕེབས་སྐབས། སྔ་དྲོ་ཁ་བ་ཉིལ་བ་དང་ཉི་འོད་གསལ་བ་གཉིས་ཀ་བྱུང་བ་ནི་ཕུགས་ཀྱི་དགེ་མཚན་ངོ་མཚར་ཅན་དང༌། གནས་དེར་ཕུར་པའི་ཞི་བའི་སྲེག་བླུགས་ཀྱང་མཛད་རྗེས་རྗེ་ཉིད་ནས་གསོལ་ཐབ་ཡས་མས་སུ་རབ་གནས། རྣམ་འཇོམས། ཚོགས་བདག་གསུང་