R196: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་བླ་མ་ཐམས་ཅད་མཁྱེན་པ་ངག་དབང་ཀུན་དགའ་བློ་གྲོས་སངས་རྒྱས་བསྟན་པའི་རྒྱལ་མཚན་དཔལ་བཟང་པོའི་རྟོགས་པ་ངོ་མཚར་འཕྲུལ་གྱི་རོལ་རྩེད་སྡེ་བཞིའི་འབྱུང་གནས།

  • Pagination (Witness A): ༥༩༨
[A:༥༩༨]བསྐང་བཅས་དང༌། སྐུ་ཡོན་ཁང་དུ་རྟེན་མཆོད་རྒྱུན་བཞུགས་སྟེང་དམིགས་བསལ་འཇམ་དབྱངས་རྩོད་རྒྱལ་མ། བླ་མ་གོང་མའི་རྒྱ་དཔེ་གླེགས་བམ། རྣམ་རྒྱལ་མཆོད་རྟེན། སྒྲོལ་མ་གཙུག་ལག་ཁང་སྟེང་མའི་ཚེ་དཔག་ལྷ་དགུའི་རྟེན་གཙོ་སངས་རྒྱས་ཚེ་དཔག་མེད་སོགས་མཆོད་ཚོགས་དང་བཅས་པར་ཚེས་བརྒྱད་ཉིན་རབ་གནས་མཛད་རྗེས། སྐུ་ཡོན་ཁང་དུ་ཐུགས་གཉེར་དབུ་ཚུགས་ཐོག་ཞལ་དྲོའི་རྟེན་འབྱུང་རྫས་ཀྱིས་ཐོག་དྲངས། འཇམ་མགོན་གཞོན་ནུ་རྣམ་གཉིས། སྐུ་ཡོན་པ་བཅས་ལ་རྗེ་ཉིད་ནས་མགུལ་དར་སོགས་སྩལ་རྗེས་སྒོ་རུམ་དུ་ཕེབས་ཏེ། ལྷ་བསངས་གུར་ལྕམ་དྲལ་ལ་གཏོར་བསྔོ་བརྒྱ་ཚར། བསྐང་གསོ། ཕྲིན་འཆོལ། ཐོས་བསམ་སྒོམ་གསུམ་དང༌། འཆད་རྩོད་རྩོམ་གསུམ་དར་བའི་འདོད་གསོལ་སྨིན་གྲུབ་རྣམས་དང༌། སྐུ་ཡོན་ཁང་དུ་སྐྱབས་སེམས་བླ་མ་ཡི་དམ་གྱི་སྐུ་བསྟོད་སྔོན་འགྲོའི། སྡོམ་གསུམ་རབ་དབྱེ་རྩ་འདོན། བསྔོ་སྨོན་ཤིས་བརྗོད་སོགས་ཞལ་དྲོའི་ཆེད་དུ་ཐུགས་བསྐྱེད་ཀུན་བཟང་སྨོན་ལམ་གྱི་རྗེས་འགྲོ་མཛད། དེ་སྔོན་ཙམ་ནས་བླ་བྲང་རྩེ་ཤོད་དབུས་ཕེབས་སྐབས་སྐུ་ཚབ་ཅིག་ལེགས་སྐྱེས་འབུལ་བར་མངགས། ཚེས་དགུའི་ཉིན་སྐྱེད་ལྷས་མེ་འབར་གྱི་མགོན་ཁང་གི་གཡས་གཡོན་རི་ནས་ཤག་མཆེར་ཉིལ་བ་དང༌། དེ་སྔོན་སྣྲོན་དང་གྲོ་བཞིན་ནང་ལའང་ཞལ་གྱི་ཆོ་འཕྲུལ་སྣ་ཚོགས་བྱུང་བ་རྣམས་ཞི་ཕྱིར། རྗེ་རྡོ་རྗེ་འཛིན་ཉིད་ཆིབས་བསྐྱོད་ཀྱིས་སྐྱེད་ལྷས་ལྷོ་རིའི་སྤང་སྟེང་དུ་ལྷ་བསངས་ཕྱག་ནས་བཅས་དང༌། མགོན་ཁང་དུ་གཏོར་བསྔོ་བསྐང་བ་སོ་སོ་ནས་བརྒྱ་ཚར་སོགས་སྤྱི་བྱེའི་བསྟན་པ་ཐུགས་ཀྱི་དཔལ་བེར་དམ་དུ་བཟུང་བའི་རླབས་ཆེན་རྒྱལ་སྲས་མཆོག་གི་མཛད་པས་ཞག་འགའ་ཞིག་འདས་རྗེས་སུ། སྐྱེད་ལྷས་ལྷོ་རི་དེ་ན་རྗེ་ཉིད་གཏོར་འབུལ་མཛད་ཀྱིན་ཡོད་དགོངས་པར། མགོན་ཁང་མདུན་གྱི་རི་གཤམ་དེ་ནས། གཟུགས་མི་མཐོང་བའི་ཌཱ་མ་རུ་སྐད་སྦོམ་པོ་བརྒྱ་ཙམ་ཞིག་བསྒྲིགས་ནས་