R196: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་བླ་མ་ཐམས་ཅད་མཁྱེན་པ་ངག་དབང་ཀུན་དགའ་བློ་གྲོས་སངས་རྒྱས་བསྟན་པའི་རྒྱལ་མཚན་དཔལ་བཟང་པོའི་རྟོགས་པ་ངོ་མཚར་འཕྲུལ་གྱི་རོལ་རྩེད་སྡེ་བཞིའི་འབྱུང་གནས།

  • Pagination (Witness A): ༥༩༩
[A:༥༩༩]དཀྲོལ་བ་ཟིལ་ཆེན་ཞིག་འཁྲུངས། མགོ་ཟླའི་ནང་ཁལ་ཁ་དགེ་སློང་འཚོ་བྱེད་ཆུ་ནད་ཅན་ཞིག་སྐུའི་གམ་དུ་བཅར་བར་སྨན་བླའི་མདོ་ལུང་སོགས་མཛད་ཅིང༌། ཁོང་རང་གི་ལུང་པར་དགེ་ལུགས་ཆོས་དང་གཙུག་ལག་ཁང་སོགས་གསར་འཛུགས་བགྱིས་པར་བཞུགས་རྒྱུའི་རྟེན་དང༌། དགོན་མིང་སོགས་ཞུས་འབྲས་ཐུབ་དབང་གནས་བཅུའི་ཞལ་ཐང༌། སྨན་བླའི་མདོ། དུང་དཀར་སོགས་སྩལ་ཏེ་དགོན་མིང་ཐེག་ཆེན་དབང་རྒྱལ་གླིང་དུ་འདོགས་པར་མཛད་ཅིང༌། དགེ་སློང་གི་ལུས་ཀྱང་བདེ་བར་གྱུར་ཏེ་མི་ཕྱེད་པའི་དད་པ་ལ་བཀོད། ཟླ་བ་དེ་ནས་བཛྲ་ཀཱི་ལ་ཡའི་སྒྲུབ་མཆོད་སྐབས་ཀྱི་ཞལ་འབག་གསར་བསྐྲུན་དུ་མར་རབ་གནས་ཀྱི་མེ་ཏོག་བརྒྱ་ཚར་སྩལ་ཏེ་བྱིན་རླབས་ཀྱི་གཟི་འོད་འབར་བར་མཛད་པའི་སྐབས་སོ། །དེ་དག་གི་དོན་བསྡུ་ན། འཕགས་ཆེན་ཕྲིན་ལས་དག་པའི་ཞིང་ཁམས་རྩེར། །འགྲོ་ཀུན་འདྲེན་པའི་འོད་ཀྱི་ཐེམ་སྐས་དང༌། །མ་རིག་གཉིད་སློང་ཆོས་ཀྱི་དུནྡུ་བྷིཿ །མིག་ལྡན་སྤྱད་བྱ་ལས་གཞན་རྫུ་འཕྲུལ་ཅི། །ལྐོག་འགྱུར་རྗེན་སྟོན་འོད་གསལ་ལམ་ཡངས་སུ། །གདོན་བགེགས་སྐྲོད་པའི་དམ་བཅའ་མཉེལ་བ་མེད། །ཁམས་གསུམ་དབང་སྡུད་ངོ་མཚར་མཛད་པའི་ཆ། །ཆུ་ཟླའི་རོལ་རྩེད་ཟིན་པའི་ཆོ་གས་བྲེལ། །འཇམ་མགོན་གཞོན་ནུ་བསྟེན་མཁས་སྤྱིལ་པོར་དྲངས། །གཉན་མགོན་གདོད་མའི་རང་ཞལ་ལྷུག་པར་གཟིགས། །མཐའ་འགྲོའི་རེ་བའི་ཡོལ་གོ་བཅུད་ཀྱིས་ཕྱུང༌། །ལྔ་བཅུ་རྩ་གཅིག་སྲུང་མའི་བྱིན་མཐུ་བསྒྲུབས། །ཞེས་ཀྱང་སྨྲས་སོ།། །། ༈ དགུང་གྲངས་ཞེ་གསུམ་དུ་ཕེབས་པ་ལྕགས་ཡོས་རྒྱལ་ཟླའི་མཇུག་ཙམ་གྱི་གཟིགས་སྣང་དུ། རྗེ་ཉིད་བལ་ཡུལ་དུ་ཕེབས་པར་སྔར་བས་བག་དྲོ་ཞིང༌། །མཆོད་རྟེན་བྱ་རུང་ཁ་ཤོར་ཤིན་ཏུ་འདྲོངས་ལ། །གདུགས་ཆོས་འཁོར་རྣམས་གསེར་ཤོག་གིས་འཕྲལ་བྱུགས་ལྟ་བུའི་དབྱིབས་ཅན་ཞིག་གཟིགས་མུར། མི་འགའ་