R196: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་བླ་མ་ཐམས་ཅད་མཁྱེན་པ་ངག་དབང་ཀུན་དགའ་བློ་གྲོས་སངས་རྒྱས་བསྟན་པའི་རྒྱལ་མཚན་དཔལ་བཟང་པོའི་རྟོགས་པ་ངོ་མཚར་འཕྲུལ་གྱི་རོལ་རྩེད་སྡེ་བཞིའི་འབྱུང་གནས།

  • Pagination (Witness A): ༦༠༣
[A:༦༠༣]ཀྱང་ཤིན་ཏུ་དམ་པ་བཅས། དེའི་ཚེ་འབྲུམ་སྲུང་དང་ཡོར་སྲུང་སྤྱན་བསལ་འཆང་བ་ཙམ་གྱིས་ནུས་པ་འཐོན་པ་ད་ལྟའི་བར་དུའང་ལྷག་མ་ཡོད་པ་འདི་རྣམས་གནང་ཞིང༌། དེར་མ་ཟད་རྒྱུན་གྱི་ཞལ་འདོན་ནར་མའི་རིགས་དང༌། སྒྲུབ་མཆོད། རྒྱུད་དང་རྒྱ་བོད་ཀྱི་གཞུང་སྦྱོར་མཛད་པ། བསྐང་བ། གཏོར་བཟློག་སོགས་མདོར་ན་སྐུ་ཚེ་དེའི་མཛད་སྒོ་ཐམས་ཅད་བསྟན་འགྲོ་སྤྱི་སྒོས་ཀྱི་གནས་སྐབས་དེ་དང་དེའི་འགལ་རྐྱེན་བར་ཆད་ཞི་ཞིང༌། འཕྲལ་ཡུན་རེ་སྨོན་རྗེ་བཙུན་ས་སྐྱ་པའི་གོང་མ་སྤྱི་དང༌། ཁྱད་པར་སྔགས་འཆང་ཆོས་ཀྱི་རྒྱལ་པོ་དང་འཇམ་མགོན་ཨ་མེས་ཞབས་སོགས་ཀྱི་དགོངས་བཞེད་ཇི་བཞིན་འགྲུབ་པའི་ཐུགས་འདུན་དང་ཕྱག་བཞེས་ཁོ་ན་མཛད་པ་ནི། གནས་སྐབས་དེ་དང་དེའི་དཔྱད་ཁྲ་རྣམས་ལ་གསལ་བ་འདུས་ཚོགས་ཀྱི་སྙན་དུ་སྟོན་པ་རྣམས་སོ། །དེ་དག་གི་དོན་བསྡུ་ན། དག་སྣང་རྣམ་བཀྲ་ནང་གི་མ་ཀུ་རར། །ཕྱི་རོལ་རིང་པོའི་ནཻ་པ་ལ་ཡི་ཡུལ། །ཆོས་སྐུའི་རྟེན་བཅས་འཁྲུངས་ཚེ་གྷནྚཱིའི་སྒྲས། །ཡ་མཚན་ལྟས་བཟང་ཕྱོགས་ཀྱི་རྣ་བར་གྲགས། །འཛམ་གླིང་ཡུལ་གྲུར་འཕྱན་པའི་མི་ངས་ཁྱུ། །རྫས་སྔགས་ཏིང་འཛིན་དཔུང་གིས་ཕ་མཐར་དབྱུང༌། །རང་རང་གྲུབ་མཐས་རྒྱལ་བསྟན་སྤེལ་བའི་དྲིལ། །མདོ་རྒྱུད་ལུང་གིས་བསྒྲགས་ཚེ་སྤོབས་པ་བདར། །རིགས་བརྒྱའི་བདག་པོ་དམ་པའི་ཆུ་གཏེར་ཞལ། །གཟིགས་འཕྲལ་ལུས་མིན་ཧུབ་གཅིག་གིས་གསོལ་བའི། །སྔོན་མེད་དྲིན་ཅན་བླ་མ་ཛཧྣུཿ །ཞི་བསིལ་ཞལ་སྐྱུགས་འཇོ་ཕྱིར་ས་འདིར་བྱོན། །ཅེས་ཀྱང་སྨྲས་སོ།། །། ༈ དགུང་གྲངས་ཞེ་བཞིར་ཕེབས་པ་ཆུ་འབྲུག་རྒྱལ་ཟླ་ནས་རྟ་ཟླའི་བར་ལ་རྗེ་རྡོ་རྗེ་འཆང་ཉིད་ནས་རྣམ་པ་ཀུན་ཏུ་བསྟན་འགྲོའི་དོན་ནར་མར་བཀའ་དྲིན་ཆེ་གྲས། རྒྱལ་ཁམས་ཀུན་ཏུ་ནད་གདོན་མུ་གེའི་ཉེར་འཚེ་ཞི་ཕྱིར། མགོན་ཁང་རྣམས་སུ་ཚེས་ཐོགས་དང༌། གཞན་ཡང་སྔ་ལོ་དང་དེ་ལོ་གཉིས་ལ་ལྗོངས་འདིར་