R196: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་བླ་མ་ཐམས་ཅད་མཁྱེན་པ་ངག་དབང་ཀུན་དགའ་བློ་གྲོས་སངས་རྒྱས་བསྟན་པའི་རྒྱལ་མཚན་དཔལ་བཟང་པོའི་རྟོགས་པ་ངོ་མཚར་འཕྲུལ་གྱི་རོལ་རྩེད་སྡེ་བཞིའི་འབྱུང་གནས།

  • Pagination (Witness A): ༦༠༤
[A:༦༠༤]ནད་ཡམས་ཀྱིས་མནར་བ་རྣམས་མྱུར་དུ་ཞི་ཕྱིར་རིམ་གྲོ་སྤྱི་བྱེ་བྲག་སྐུ་དངོས་དང་བཀས་འདོམས་པ་བཅས་ནས་མཛད་མུར། དབོ་ཟླའི་བཅུ་བཞི་ནས་ནག་ཟླའི་བཅུ་བཞི་བར། རྒྱ་གར་ཤེས་བསངས། བསྟན་གསོལ། དགྲ་ལྷ། སྡེ་བརྒྱད་ཆ་སྙོམས་བཅས་དང༌། དེ་ནས་རི་ཁྲོད་མའི་བུམ་ཆོག །ཕྱོགས་བཞིར་སྦྱོང་ཁྲུས་རེ་མོས། །གསོལ་འདེབས་སྤྱི་བྱེ་བྲག །བརྞ་ཤ་བ་རིའི་མདོ། །ལོ་མ་གྱོན་མ་དང༌། ནད་ཐམས་ཅད་རབ་ཏུ་ཞི་བར་བྱེད་པའི་གཟུངས། རིམས་ནད། མིག་ནད། འབྲུམ་ནད། ཞང་འབྲུམ། མ་ཞུ་བ། སྡུག་བསྔལ་ཐམས་ཅད་རབ་ཏུ་ཞི་བ་རྣམས་དང༌། རིམས་དང་སྲོག་ཆགས་ཀྱིས་མི་ཚུགས་པ། དུག་ཞི་བ། མདངས་ཕྱིར་མི་འཕྲོག་པ། བདུད་ཐམས་ཅད་སྐྲག་པར་བྱེད་པ། རྨ་འབྱོར་བ། མེའི་ཟུག་རྔུ་རབ་ཏུ་ཞི་བ། བད་མཁྲིས་ཀྵ་ཡ་སྐྲན་རྣམས་ཞི་བ། བར་གཅོད་རྣམ་སྦྱོང༌། རེ་མནྟ་དང་མགོན་པོའི་རྟ་གཟུངས། ཛམ་བྷ་ལའི་ལུགས་གཟུངས། དབུགས་ཆེན་མོ་རྣམས་ཉིན་རེ་བཞིན་ལྗགས་ཀློག་མཐར། སྒྲོལ་བཟློག །གཙུག་ཏོར་རྣམ་རྒྱལ་བསྟོད་པ་གཟུངས་འདོད་གསོལ་བཀྲ་ཤིས་རྣམས་དང༌། དེ་ནས་ལྷ་མོ་རྗེ་ཁོལ་གྱི་མདོས་བསྐང་ལ་བདག་བསྐྱེད་ཕུར་ཆུང་བཅས་བཅུ་བཞིའི་ཉིན་གྲྭ་གྲངས་ཉི་ཤུ་སྐོར་གྱིས་གླུད་རྫོང་རྣམས་དང༌། མ་མོ་སྤྱི་གཏོར་རྗེ་ཁོལ་གྱི་བསྐང་གཏོར། མདོས་བཅས་བསམ་བརླིང་དུ་སྤྱན་དྲངས་ཤིང༌། དེའི་ཚེ་དབང་ཁང་དུ་མདོས་སྒྲིག་རྒྱུའི་སྔ་དྲོ་བུད་མེད་དཔལ་མོ་ཟེར་བ་ཞིག་གིས་དཀར་ཡོལ་ཆེ་ལེགས་ཟུང་དང་ཆུང་བ་གཅིག་བཅས་འབྲས་དཀར་གྱིས་ཕྱུར་པོ་བཀང་སྟེ་ཕུལ་བ་དང༌། མདོས་ཚུགས་པའི་ཞག་ཤས་ནས་གདན་ས་དན་ཁྲོད་ཀྱི་བུ་མོ་འགའ་ཞིག་རྩེ་དགའི་དོ་རང་རྡོ་འཇིམ་ལ་བཅོས་པའི་ལུས་རྒྱན་འཆོར་མོར་བགྱིས་ཏེ་ལྷན་འཚོགས་ཀྱིས་གཙུག་ལག་ཁང་གི་འགག་དང་སྡེ་གསེབ་རྣམས་སུ་རྒྱུ་བ་སོགས། མ་མོ་མཁའ་འགྲོའི་ཆོ་འཕྲུལ་འཁོར་ཉམས་ཅི་ཡང་བྱུང་ཞིང༌། ས་ཁམས་