R196: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་བླ་མ་ཐམས་ཅད་མཁྱེན་པ་ངག་དབང་ཀུན་དགའ་བློ་གྲོས་སངས་རྒྱས་བསྟན་པའི་རྒྱལ་མཚན་དཔལ་བཟང་པོའི་རྟོགས་པ་ངོ་མཚར་འཕྲུལ་གྱི་རོལ་རྩེད་སྡེ་བཞིའི་འབྱུང་གནས།

  • Pagination (Witness A): ༦༠༥
[A:༦༠༥]མི་གཙང་བའི་གླེང་གསན་འཕྲལ་ནས་མདོས་འདི་གནང་བཞེད་ཐུན་མིན་དུ་འཁྲུངས་ཀྱང༌། འཆར་འཕར་རྣམ་ཀུན་དོན་ཡོད་ཀྱི་ཐུགས་བྲེལ་སྤྱི་དང༌། བྱེ་བྲག་རྗེ་རྡོ་རྗེ་འཆང་ཉིད་ཀྱིས་རྗེ་བཙུན་ས་སྐྱ་པའི་སྡེ་བསྟན་པ་གདུང་བརྒྱུད་དང་བཅས་པའི་འཐས་སུ། སྤྲུལ་པའི་ལྷ་ཁང་ཆེན་མོ་གཅིག་པུར་ཡང་ཤར་ནུབ་བྱང་གསུམ་ལ་སྤེན་བད་གསར་སྒྲོན། ལྷོར་ཁ་གསོ། མཐའ་བསྐོར་ལྕགས་རི་ལྕོགས་བཅས་ཀྱི་སྤང་བད་སྤེན་བད་དུ་བསྒྱུར་བ་དང༌། ཐུགས་རྟེན་ཁྱད་མཚར་འཛམ་གླིང་འོད་གསལ་གསར་བསྐྲུན། སྔོན་མེད་པའི་ཐར་པའི་ཁང་བཟང་གི་རྩེར་བགྲོད་པའི་སྐས་རིང་རྨད་བྱུང་རྫུ་འཕྲུལ་གྱི་བཀོད་པ་འདི་ཉིད་དང༌། འགྲོ་ཀུན་མ་རིག་པའི་གཉིད་ལས་སློང་པའི་ཆོས་ཀྱི་དུནྡུ་བྷིཿ རྗེ་བཙུན་འཇམ་པའི་དབྱངས་ཀྱི་སྣང་བརྙན་བྱིན་རླབས་ཀྱི་གཟི་བརྒྱ་འབར་བ། རྗེ་ཉིད་ཀྱི་རྩ་བའི་བླ་མ་དམ་པ་ཡབ་རྗེ་རྡོ་རྗེ་འཆང་དང་འཇམ་མགོན་གནས་གསར་པ་ཆེན་པོའི་སྣང་བརྙན་སོགས་མཐའ་ཡས་པ་ཞིག་སྤྲུལ་པའི་དྲི་གཙང་ཁང་འདི་ཉིད་ན་བཞུགས་པ་དང༌། དེ་དང་ཉེ་བར་དཔལ་བརྩེ་བ་ཆེན་པོའི་སྣང་བརྙན་བྱིན་རླབས་ཕུལ་དུ་བྱུང་བ། ཁམས་གསུམ་ཆོས་ཀྱི་རྒྱལ་པོ་འཕགས་པ་རིན་པོ་ཆེ་བལྟམས་ཁར་ཡུམ་གྱི་དབུ་སྔས་སུ་བཞུགས་ཤིང༌། ཕྱིས་འཇམ་མགོན་བསོད་ནམས་དབང་ཕྱུག་གི་སྐུ་ཐོག་གདན་སར་སྤྱན་དྲངས་པ་གསུང་འབྱོན་མ་བཞུགས་པའི་རྟེན་གཞལ་ཡས་ཁང་དང༌། བརྟེན་པ་ལྷའི་དབུ་ཐོག་ཏུ་གསེར་ཟངས་ཀྱི་རྒྱ་ཕིབས་ནང་རྟེན་དང་བཅས་པ་མི་རིང་བར་གནང་རྒྱུ་སོགས་མདོར་ན་སྤྲུལ་པའི་དྲི་གཙང་ཁང་འདི་ཉིད་གཅིག་པུའི་ས་ཕྱོགས་སུ་ཡང་གྲགས་ཆེ་བ་དེ་སྙེད་ཅིག་མཆིས་ན། ངོ་མཚར་བའི་ཕྱག་རྗེས་གཞན་དག་ནི་སོ་སྐྱེའི་བློའི་ར་བ་ལས་བརྒལ་ཞིང༌། ཅུང་ཟད་ཟིན་པ་རྣམས་ལོ་ཁམས་སོ་སོར་གསལ་བ་བཅས། དུས་མདོས་གཟབས་མའི་སྐབས་སུ་མཁོ་བའི་ཞལ་འབག་གསར་བཞེངས་ལ་ཕྱག་ནས་བརྒྱ་