R196: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་བླ་མ་ཐམས་ཅད་མཁྱེན་པ་ངག་དབང་ཀུན་དགའ་བློ་གྲོས་སངས་རྒྱས་བསྟན་པའི་རྒྱལ་མཚན་དཔལ་བཟང་པོའི་རྟོགས་པ་ངོ་མཚར་འཕྲུལ་གྱི་རོལ་རྩེད་སྡེ་བཞིའི་འབྱུང་གནས།

  • Pagination (Witness A): ༦༠༩
[A:༦༠༩] རྗེ་རྡོ་རྗེ་འཆང་ཉིད་ཀྱིས་ས་སྐྱ་ནས་འབུལ་གནང་གིས་ཕར་གསན་ཚུར་གསན་ཤིན་ཏུ་གསལ་བར་འཁྲུངས་ཀྱང་ཚིག་དོན་ཇི་བཞིན་མ་ངེས། ཞེས་གསུངས་པ་འདི་དག་ནི། ཉེ་རིང་ཀུན་ལ་སྙོམས་པ་ཚངས་པའི་དབྱངས། །ཞེས་གསུང་གི་གསང་བར་མངའ་བརྙེས་པའི་བརྡའོ། །སྔོན་སྔགས་འཆང་ཉིད་ལ་ས་ལོཙྪ་བ་འོད་གསལ་དུ་བྱོན་ནས་ལུང་བསྟན་ཕུལ་དུ་བྱུང་བ་སྩལ་བ་བཞིན། རྗེ་ཉིད་ལའང་སྔགས་འཆང་ཆོས་ཀྱི་རྒྱལ་པོ་ཞལ་གཟིགས་ཀྱི་བཀའ་གསང་རྨད་དུ་བྱུང་བ་གྲོལ་བ་ནི་གོར་མ་ཆག་ཀྱང༌། དེ་དུས་སུ་མ་ཟད། དུས་གནས་དང་བསྟུན་པར་མཛད་དེ་གནད་ཆེ་བ་འགའ་ཞིག་གི་ཚེ་རྣམ་པ་ཀུན་ཏུ་མ་ངེས་པའི་ཟོལ་མཛད་ཅིང༌། གཞན་དུ་མཉེལ་བ་མི་མངའ་བའི་ངང་ཚུལ་བཟང་པོ་རྗེ་ཉིད་ལ་མངའ་བ་ནི་མ་བཅོས་ལྷུན་གྲུབ་བོ། །ཚེས་བརྒྱད་ནས་ཕུན་གླིང་དབང་ཁང་དུ་སྲས་ཡུམ་རྣམས་ལ། ཀྱེ་རྡོ་རྗེའི་རྒྱུ་དབང་རྡུལ་དཀྱིལ་སྟེང་ནས་དང༌། ཨཥྟའི་བཟླས་ལུང་བཅས་རྒྱས་པར་སྩལ་བ་དེ་ནི་གོང་ས་གཅུང་རིན་པོ་ཆེར་གོང་གསལ་གྱི་ལྷུམས་ཞུགས་ཐོག་གོ་ཆོད་པར་ཞལ་གྱིས་བཞེས་པའི་དབང་དེ་དང༌། སྐུ་བལྟམས་ནས་འདི་ཉིད་སྨིན་བྱེད་ཀྱི་ཐོག་མ་རང་ཡིན་པར་ངེས་ལ། དེ་དང་མུ་སྦྲེལ་ཞུ་དཔོན་ངག་དབང་དགེ་ལེགས་དང༌། མཁས་དབང་ཞེ་དྲུང་སློབ་གྲྭ་དགེ་རྒན་བཅས་ལའང་སྩལ་ཞིང༌། རིགས་ཆ། རྩ་རྒྱུད། སྡོམ་གསུམ་རྣམ་གཉིས་བཅས་ཀྱི་ཚོགས་དབུ་དང༌། ཆོས་ལྷུན་མཁན་གསར་ལ་མངའ་གསོལ་སྦྱོང་ཁྲུས། འཇམ་མགོན་སྐུ་མཆེད། རྗེ་བཙུན་དྲུང་ཟུང༌། རྒྱལ་ཡུམ་བཅས་ལ་ཀུན་རིག་དབང་རྡུལ་དཀྱིལ་སྟེང་ནས་དང༌། བསྙེན་ཐབས་ཀྱི་ལྗགས་ལུང་བཅས་སྩལ། བཀྲ་ཤིས་ཟླ་བ་དེའི་ནང་ལྷ་ཆེན་ཁྱམས་སྟོད་གསེར་ཁྲི་རིན་པོ་ཆེ་གསར་བསྐྲུན་མཛད་རྒྱུའི་བཀའ་འདོམས་བཞིན། མཛོད་འཛིན་ནས་ལྷ་བཟོ་ཟླ་འོད་སོགས་ལ་བཀས་མངགས་ཏེ་ཧ་ལམ་གྱི་ཙག་པར་ཟླ་བ་དེའི་ཚེས་དགེ་བར་སྤྱན་བདར་དུས།