R196: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་བླ་མ་ཐམས་ཅད་མཁྱེན་པ་ངག་དབང་ཀུན་དགའ་བློ་གྲོས་སངས་རྒྱས་བསྟན་པའི་རྒྱལ་མཚན་དཔལ་བཟང་པོའི་རྟོགས་པ་ངོ་མཚར་འཕྲུལ་གྱི་རོལ་རྩེད་སྡེ་བཞིའི་འབྱུང་གནས།

  • Pagination (Witness A): ༦༡༠
[A:༦༡༠] ཞལ་དཀར་འབྲས་སིལ་གྱིས་གཏམས་པ་ཕུལ་བ་དང་སྟབས་འགྲིག་བྱུང་བས་ལ་ཉེ་བཟང་བའི་སྒོ་དང་པོ་དང༌། དབྱུག་ཟླའི་ནང་ལྷ་བཟོ་ཟླ་འོད་ནས་ངོར་ཐར་རྩེར་གུར། ཞལ། ལྷ་མོ་སྟག་ཞོན་རྣམས་དང༌། རྗེ་དཔལ་ལྡན་ཆོས་སྐྱོང་གི་དགོངས་རྫོགས་རྟེན་རྣམས་བསྐྲུན་པར་བཀས་མངགས་ཤིང༌། གཟུངས་འདོད་གསོལ་སོགས་ཆ་རྐྱེན་བཅས་ལེགས་པར་གདམས། དེ་ནས་ཞུ་དབོན་དང་སྡེ་དགེའི་ཧོར་འདྲ་བཅས་ལ་སྤྱན་གཟིགས་གཙོ་འཁོར་གསུམ་གྱི་རྗེས་གནང་དང༌། ལུང་ཕོན་ཆེ་བ་བཅས་སྩལ་ཞིང༌། མཁས་དབང་ཞེ་དྲུང་ལ་འཐོན་ཕྱག་ཐོག་རིག་གནས་སྐོར་ལས་འཕྲོས་པའི་བཀའ་སྩལ་ཞིང༌། རྒྱས་མཛད་པས་ཁོང་དགྱེས་དགུར་སོན་ཅིང་གནང་ཆའང་གྱ་ནོམ་པ་སྟོབ་པར་མཛད། སྨིན་ཟླའི་ནང་རྗེ་ཉིད་དང་ཞམ་འབྲིང་པ་ཆེན་པོ་གཟིམ་འོད་བཅས་ནས། སྡོམ་གསུམ་ཁ་སྐོང་བདུད་རྩི་ཉིང་ཁུ། གདུང་རབས་གསོལ་འདེབས་ཞལ་སྐོང་བཅས་དང༌། ཕུན་ཚོགས་དགེ་ལེགས་མ། གཏོར་མ་བརྒྱ་རྩ། དཀར་ཆ་བཞི། དེ་དག་གི་གསལ་བྱེད་བཅས་ལྗགས་ཞུས་དག་པར་མཛད་དེ་ཆོས་སྦྱིན་མི་ཟད་པར་དུ་བསྐྲུན་པའི་བཀའ་འདོམས་དང༌། ཚེས་བཅུ་དགུར་མདོ་ཕ་སྒར་དང་ཆུ་འབུམ་བླ་མ་གཉིས་ཀྱི་འབུལ་བཞེས་ལ་ཚོགས་དབུར་ཕེབས་ཤིང༌། འདིས་མཚོན་སྔ་ཕྱི་ཀུན་ཏུ་འབུལ་བཞེས་ཚོགས་ཕེབས་མཛད་པ་མང་ངོ༌། །དེ་དག་གི་དོན་བསྡུ་ན། ལས་ངན་སྨིན་པའི་ནད་གདོན་མུ་གེའི་གཟུགས། །རྨེག་མེད་ནུས་མཐུའི་རྡོ་རྗེའི་ཐོག་སེར་གྱིས། །ཚར་བཅད་རྗེས་འཛིན་དམ་པའི་སྙིང་སྟོབས་ཕུལ། །ཕྱོགས་བཅུའི་རྒྱལ་བའི་ཐུགས་རྗེ་ལས་ཀྱང་བརྒལ། །གཉིས་མེད་རྒྱུད་རྒྱལ་འཇིང་དུ་འཇམ་པའི་དཔལ། །གཞོན་ནུའི་དེད་དཔོན་ཞུགས་ལ་རྟེན་འབྲེལ་གྱི། །ལས་དབང་མཐུན་རླུང་མཐའ་ཡུལ་ནས་གཡོས་ཏེ། །དག་སྣང་ལུང་བསྟན་ནོར་བུའི་ཁྱུ་ཚོགས་རྙེད། །དཔག་ཚད་ཕྱོགས་ནས་ཕན་ཚུན་འདོད་འཇོའི་དཔལ། །བསམ་འཕེལ་