R196: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་བླ་མ་ཐམས་ཅད་མཁྱེན་པ་ངག་དབང་ཀུན་དགའ་བློ་གྲོས་སངས་རྒྱས་བསྟན་པའི་རྒྱལ་མཚན་དཔལ་བཟང་པོའི་རྟོགས་པ་ངོ་མཚར་འཕྲུལ་གྱི་རོལ་རྩེད་སྡེ་བཞིའི་འབྱུང་གནས།

  • Pagination (Witness A): ༣༣༠
[A:༣༣༠]རིང་ཕྱོགས་ནས་ཡིན་ནོ་སྙམ་པའི་མི་ཞིག་ཕ་གཞིས་ལ་ཆགས་བཞིན་དུ་དམག་ལ་འགྲོ་དགོས་དེ། ཉ་མོ་ཧོབ་ཐག་གིས་འཛིན་ཆར་ཐོགས་ནས། རྐང་པ་གཡོན་པའི་ཉ་གཞུག་ཙམ་དུ་མེ་མདའ་ཕོག་པས་རྐྱེན་བྱས་ལྔ་ལམ་དུ་སོང༌། དེ་ནས་ཡབ་རྗེ་གྲུབ་པའི་དབང་ཕྱུག་དེ་ཉིད་ཀྱིས། གདུལ་བྱ་ཁྱད་པར་ཅན་དུ་དགོངས་ཏེ་རིགས་སྲས་སུ་བསྐྲུན་པར་མཛད་མོད། སྔོན་བྱོན་དམ་པ་རྣམས་ཀྱི་ཞབས་འོག་གི་རྡུལ་ཕྲན་ཙམ་ཡང་མི་ཕེར། རྩིང་སྤྱོད་སྣ་ཚོགས་ནི་སྔར་ས་སྐྱ་པའི་གདུང་རབས་ལ་མ་གྲགས་པ་བྱས། བསོད་ནམས་ཀྱི་བགོ་སྐལ་དུ་ཐོབ་པ་ལ་བླ་མ་རྡོ་རྗེ་འཆང་གསན་རྒྱ་ཅན་མང་པོས་རྗེས་སུ་བཟུང་བས། ཐོས་རྒྱ་ནི་ཆེན་པོ་ཡོད། བསམ་སྒོམ་གཉིས་ནི་གསང་སྔགས་ཉེར་མཁོ་ལ་ཕྲན་བུ་ལས། སྡེ་སྣོད་རྒྱུད་སྡེར་སྦྱངས་པ་ཆེར་མེད། རིག་གནས་སོགས་ནི་མཐོང་ཐོས་ཙམ་ཡིན། ཀློག་གྱོ་ལེ་བ་ཞིག་ཤེས། ཡི་གེ་ནི་ཁུངས་མ་བྱང་ཤིང་ལ་སྦྱངས་པ་མིན། ཁུངས་མེད་ཀྱི་རྩལ་ཡིག་ནི་བརྡ་དོན་ཕེར་ཙམ་ཞིག་ཤེས། ཡི་དམ་ཆོས་སྲུང་གི་བསྙེན་སྒྲུབ་མང་པོ་ནི་ངེས་ཤེས་འདྲོངས་པ་སོང༌། བླ་མ་རྣམས་ཀྱི་ཁྲལ་འབབ་ཆོས་འཆད་ནི་ཆུང་ངུ་ནས་བྱས་པས། དབང་བྱིན་རླབས་རྗེས་གནང་འཁྲིད་ལུང་སོགས་ཡིན་ལ་མིན་ལ་དེ་འདྲ་ཐོགས་མེད་ཡོད། རྩོད་པའི་རིག་པར་མ་སྦྱངས་ཀྱང་བབས་ཀྱི་རིག་པ་ནི་རྩོད་ཤུགས་ཤིན་ཏུ་ཆེ་བ་ཡོད། རྩོམ་བསྒྲིགས་ཀྱི་པུསྟི་མཁས་གྲུབ་ཀྱིས་གཟིགས་པར་འོས་པ་དང་མི་འོས་པའི་ཚིག་ཏུ་མ་བྱས་པ་བོད་བཅུ་གཅིག་བཅུ་གཉིས་སུ་ལོངས་པ་ཡོད་འདྲ། ཐོས་བསམ་སྒོམ་གསུམ་དང་འཆད་རྩོད་རྩོམ་གསུམ་ཧ་ལམ་དེ་ཀ་ཡིན། གཞན་ཡང་སྔོན་གྱིས་མཁས་པ་དག་གིས། རྐང་རྗེས་དང་ལག་རྗེས་ཀྱི་གྲུབ་རྟགས་མེད། སྐུ་རྗེས་ཀྱི་སྔོ་ལོ་ཕྱར་མ་མྱོང༌། ཞེས་གསུངས་པ་ཡིན་པས། གྲུབ་རྟགས་ཀྱི་ངོ་མཚར་མ་མཆིས་ཀྱང༌། སྔོ་ལོ་མ་ཕྱར་ཙམ་ཨེ་ཡོད། ཅེས་ཡང་ཡང་བཀའ་སྩལ་པ་རྣམས་ནི་ཁེངས་བསྐྱུང་བ་དམ་པའི་