R196: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་བླ་མ་ཐམས་ཅད་མཁྱེན་པ་ངག་དབང་ཀུན་དགའ་བློ་གྲོས་སངས་རྒྱས་བསྟན་པའི་རྒྱལ་མཚན་དཔལ་བཟང་པོའི་རྟོགས་པ་ངོ་མཚར་འཕྲུལ་གྱི་རོལ་རྩེད་སྡེ་བཞིའི་འབྱུང་གནས།

  • Pagination (Witness A): ༣༢༩
[A:༣༢༩]སྔགས་འཆང་གྲགས་པ་བློ་གྲོས་སོགས་ཀྱི་རྣམ་སྤྲུལ་དུ་བྱེད་ཀྱང་རྗེ་རྡོ་རྗེའཆང་གིས་ཞལ་བཞེས་གསལ་པོར་མཛད་པ་ནི་མ་མཐོང་ཞིང་མིན་པ་ཡང་མ་གྲུབ་པ་ནི། སྤྱིར་སངས་རྒྱས་དང་བྱང་སེམས་ཆེན་པོ་རྣམས་ནི། དབང་བཅུ་དང༌། སྤྲུལ་བསྒྱུར་ལ་མངའ་བརྙེས་པས་གང་འདོད་དུ་སྐྱེ་བ་ལེན་ནུས་ཤིང༌། དེ་ཡང་གཅིག་ཉིད་མང་པོར་སྤྲུལ་པ་དང༌། ཆུང་ངུ་ཆེན་པོར་བསྒྱུར་བ་སོགས་ནུས་པ་སྟེ། སམྦུ་ཊི་ལས། ཁ་ཅིག་ཏུ་ནི་བྱང་ཆུབ་ཆེན་པོའི་ལམ། །ཁ་ཅིག་ཏུ་ནི་བྱང་ཆུབ་སྤྱོད་རྗེས་འབྲངས༌། །ཁ་ཅིག་ཏུ་ནི་བྱང་ཆུབ་མངོན་བྱང་ཆུབ། །ཅེས་དང༌། བརྟག་གཉིས་ལས། འཆད་པ་པོ་ང་ཆོས་ཀྱང་ང༌། །རང་གི་ཚོགས་ལྡན་ཉན་པ་ང༌། །ཞེས་སོགས་མང་དུ་གསུངས་པ་ལྟར། ཞིང་ཁམས་ལ་ལར་དཀྱིལ་འཁོར་གྱི་འཁོར་ལོའི་སྣང་བརྙན་དང༌། ལ་ལར་མཛད་པ་བཅུ་གཉིས་ཀྱི་ཚུལ་སྟོན་པའི་སངས་རྒྱས་ལ་སོགས་པ་མཐའ་གཅིག་ཏུ་མ་ངེས་པའི་སྤྲུལ་པ་བསམ་གྱིས་མི་ཁྱབ་པའང༌། བླ་མ་ས་སྐྱ་པ་ཆེན་པོས་ཚར་ཁར་ལོ་གསུམ་ཁྲིད་བསྐྱངས་པ། གུང་ཐང་དུ་མལ་གྱི་ཉེ་གནས་མཛད་པ། འབྲིང་མཚམས་སུ་རབ་གནས་མཛད་པ། ཟངས་སྡོང་དུ་ལམ་འབྲས་གསུངས་པ། ས་སྐྱར་བཞུགས་ནས་ལམ་འབྲས་གསུངས་ཤིང་བླ་མ་གོང་མའི་དགོངས་རྫོགས་མཛད་པ། ཤབ་སྒོ་ལྔར་ཆོས་འཁོར་བསྐོར་བ་སྟེ་སྐུའི་བཀོད་པ་མི་འདྲ་བ་དྲུག་དུས་གཅིག་ལ་བསྟན་ཅིང༌། དེ་བཞིན་གཟུགས་སྐུ་བསྡུ་བའི་ཚེ་ཡང༌། བདེ་བ་ཅན། པོ་ཊ་ལ། ཨཽ་ཌྱི་ན། གསེར་མདོག་ཅན་སོགས་སུ་གཤེགས་པའི་བཀོད་པ་མི་གཅིག་པ་བཞི་ཅིག་ཅར་སྟོན་པར་མཛད་པ་སོགས་སོ། །གཞན་ཡང་འགྲོ་བ་ལྷ་དང་བཅས་པའི་སྐྱབས་དང་མགོན་དང་དཔུང་གཉེན་དམ་པ་དེ་ཉིད་ནི། ཇོ་བོ་བཀའ་གདམས་པ་རྣམས་ཀྱི་རྣམ་ཐར་ལྷུར་བཞེས་ལྟ་བུའི། ཁེངས་བསྐྱུང་གི་གསུང་ཁོ་ན་འབྱོན་པ་ནི་འདི་ལྟ་སྟེ། ཁོ་བོ་ས་སྐྱ་བདག་པོར་མ་སྐྱེས་པར་དམག་དཔོན་ཁོ་ན་ཡིན། དབུས་གཙང་དུས་འཁྲུགས་སྐབས་ཀྱང༌། ངམ་