R196: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་བླ་མ་ཐམས་ཅད་མཁྱེན་པ་ངག་དབང་ཀུན་དགའ་བློ་གྲོས་སངས་རྒྱས་བསྟན་པའི་རྒྱལ་མཚན་དཔལ་བཟང་པོའི་རྟོགས་པ་ངོ་མཚར་འཕྲུལ་གྱི་རོལ་རྩེད་སྡེ་བཞིའི་འབྱུང་གནས།

  • Pagination (Witness A): ༣༣༡
[A:༣༣༡]རྣམ་ཐར་ཁོ་ནའི་གསུང་སྟེ། དཔྱོད་ལྡན་གཟུར་གནས་རྣམས་ཀྱིས་བརྟགས་ཚེ། ཆོས་བཅུ་པའི་མདོ་ལས། དུ་བ་ལས་ནི་མེར་ཤེས་དང༌། །ཆུ་སྐྱར་ལས་ནི་ཆུར་དཔོག་ལྟར། །བྱང་ཆུབ་སེམས་དཔའ་བློ་ལྡན་གྱི། །རིགས་ནི་མཚན་མ་དག་ལས་ཤེས། ཞེས་དང༌། འཇམ་མགོན་བླ་མ་ས་སྐྱ་པཎྜི་ཏས། དུ་བས་མེ་བཞིན་རྣམ་ཐར་ལ། །ནང་གི་ཡོན་ཏན་ལེགས་བརྟགས་ཏེ། །ཞེས་སོགས་ལ་བརྟགས་ཤིང་དཔྱད་པས་ཁེངས་བསྐྱུང་གི་གསུང་ཡིན་མིན་བློ་ལྡན་རྣམས་ཀྱིས་དགོངས་ཟབ་མཆོག་ཏུ་བསྟི་བ་ཞུ། སྨྲས་པ། ངག་དབང་ཀུན་ལ་དགའ་བའི་བློ་གྲོས་གཏམ། །སངས་རྒྱས་བསྟན་པའི་རྒྱལ་མཚན་རྩེར་བསྒྲགས་པས། །དཔལ་ལྡན་བཟང་པོར་མངའ་གསོལ་མཱ་ལི་ཀཿ །སྲས་བཅས་རྒྱལ་བས་ཤིས་བརྗོད་ཆར་དུ་སྙིལ། །སྐྱོབ་ཀུན་ཐུགས་རྗེའི་སྒྱུ་འཕྲུལ་མཁའི་ནོར་བུ། །སྐྱེ་དགུའི་བསོད་ནམས་ཤིང་རྟའི་འཁོར་ལོ་ཡི། །འདུན་ཁང་ཡངས་པོར་བསྐྱེད་འདི་ཕན་བདེའི་བསྟན། །འདབ་སྟོང་དགོད་པའི་གཉེན་དུ་ཡང་ཡང་བྲེལ། །དེ་ལྟའི་གཟུགས་སྐུའི་ངོ་མཚར་རི་མོ་ནི། །གདུལ་བྱའི་བློ་མཚོར་ནོར་བུ་ཆུ་ཤེལ་ལ། །སྣ་ཚོགས་ཁ་དོག་ཚོན་གྱི་རྟེན་འབྲེལ་དབྱིབས། །ཅིར་སྣང་སྒྱུ་མའི་རོལ་རྩེད་ཨེ་མ་མཚར། །ཞེས་ཀྱང་སྨྲས་སོ།། །། ༈ གཉིས་པ་དེ་ཉིད་གནས་དང་རིགས་རུས་ཆོ་འབྲང་ཕུན་སུམ་ཚོགས་པར་གཟིགས་ཏེ་ཕེབས་ཚུལ་ལ། གནས་ཕུན་སུམ་ཚོགས་པ་དང༌། རིགས་རུས་ཆོ་འབྲང་ཕུན་སུམ་ཚོགས་པ་དང་ལྡན་པའི་གདུང་རབས་བྱོན་ཚུལ། གདུང་རབས་རྣམས་ཀྱི་ནང་ནས་སྐབས་སུ་བབ་པ་གང་ཉིད་ཡུམ་གྱི་ལྷུམས་སུ་ཞུགས་ཏེ་སྐུ་ཇི་ལྟར་བལྟམས་པའི་ཚུལ་དང་གསུམ་ལས། དང་པོ་ལ། གནས་མཆོག་འདི་ཉིད་དང་ཞར་བྱུང་རྗེ་བཙུན་གོང་མ་ལུང་བསྟན་ཚུལ་དང༌། བོད་ཀྱི་རྡོ་རྗེ་གདན་དཔལ་ལྡན་ས་སྐྱ་འདི་ཉིད་བསྟན་རྩིས་དང་སྦྱར་ཏེ་བཏབ་ཚུལ་གཉིས་ལས། དང་པོ་ནི། སྔོན་གྱི་དུས་སུ་དཔལ་ལྡན་ས་སྐྱ་འདི་ཉིད་མ་འོངས་