R196: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་བླ་མ་ཐམས་ཅད་མཁྱེན་པ་ངག་དབང་ཀུན་དགའ་བློ་གྲོས་སངས་རྒྱས་བསྟན་པའི་རྒྱལ་མཚན་དཔལ་བཟང་པོའི་རྟོགས་པ་ངོ་མཚར་འཕྲུལ་གྱི་རོལ་རྩེད་སྡེ་བཞིའི་འབྱུང་གནས།

  • Pagination (Witness A): ༦༡༡
[A:༦༡༡]དབང་རྒྱལ་ཐར་པའི་བ་གམ་རྩེར། །མཆོད་ཅིང་ཟབ་རྒྱས་ཆོས་ཆར་གཡར་ལམ་དུ། །མི་ཟད་པར་གྱི་འཕྲུལ་འཁོར་བླ་མེད་བསྐོར། །ཞེས་ཀྱང་སྨྲས་སོ།། །། ༈ དགུང་གྲངས་ཞེ་ལྔར་ཕེབས་པ་ཆུ་སྤྲུལ་ལོར་སྐུ་འཕྲང་ཤིན་ཏུ་འཚུབས་པ་ཡོད་ཐོག །བོད་ལོ་གསར་བ་ནས་བཟུང་ལོ་གང་ཕྱིར་ཕེབས་སྤངས་ཏེ། སྐུ་ཚེའི་ཆོ་ག་ཚུགས་འཕྲལ་ཞིག་ཏུ། ཟེའུ་ལྷ་ཁང་འདྲ་མོ་ཞིག་ནས་ཚེ་དཔག་མེད་ཀྱི་སྐུ་ཆེ་ཆུང་སྣ་ཚོགས་ཤིག་རྙེད་པ་འཁྲུངས་པ་དང་མཉམ་དུ། འཇམ་མགོན་དབང་གི་མཚན་ཅན་གང་ལའང་གཙུག་ཏོར་རྣམ་རྒྱལ་གྱི་སྐུ་ཞིག་དང༌། ཡང་རྒྱལ་ཟླའི་ནང་ཞིག་སྐུ་པར་མང་པོ་ཞིག་གི་ཁྲོད་ནས་ཚེ་དཔག་མེད་ཀྱི་སྐུ་པར་གསལ་བ་རྣམས་རྙེད་པ་འཁྲུངས་པ་ནི། སྐུ་ཚེའི་འཕྲང་ལས་གྲོལ་ནས་བསྟན་འགྲོའི་དཔལ་མགོན་དུ་ཡུན་རིང་འཚོ་ཞིང་གཞེས་པའི་བརྡར་ནེམ་ནུར་དང་བྲལ། ཡང་དབོ་ཟླའི་ཚེས་གཅིག་ཐོ་རངས་གངས་རི་ཆེན་པོའི་ཁྲོད་ནས། འབྲས་དཀར་ཁལ་དུ་མ་ཞིག་རྙེད་པ་གནང་མུར། ལྷོ་རོང་གི་ལམ་ཡིན་དགོངས་པ་ཞིག་ཤར་བ་ནི། དེ་དུས་བསྟན་གསོལ་གནང་མུ་ཡིན་པ་བཞིན་ཇོ་བོ་ལྷ་རིའི་ཆོ་འཕྲུལ་ཞིག་ཡིན་འདྲ་གསུངས། དེ་ནས་བཟུང་རྒྱུན་རིང་བར་ལྗོངས་འདིས་མཚོན་འཛམ་གླིང་སྣོད་བཅུད་སྤྱི་དང༌། བྱེ་བྲག་བསྟན་འཛིན་སྐྱེས་ཆེན་དམ་པ་རྣམས་ཞབས་པད་བརྟན་ཕྱིར་བསྟན་སྲུང་རྒྱ་མཚོར་ཕྲིན་འཆོལ་དང༌། དེ་དག་དབང་དང་གཟི་འབར་དུ་བསྐྱེད་དེ་ལྷ་བསངས། བསྟན་གསོལ། འགོ་ལྷ། དགྲ་ལྷ། སྡེ་བརྒྱད་ཆ་སྙོམས་བཅས་ཆག་མེད་མཛད་སྐབས་ཤིག །རྒྱལ་ཚབ་མཆོག་ནས་མགོན་ཁང་རྣམས་སུ་ཕྲིན་གསོལ་སྙན་ཤལ་སོགས་སྩལ་བ་བཞིན་རྗེ་ཉིད་ཀྱིས་ཐུགས་སྨོན་དང་བཅས་ཇི་བཞིན་བཀའ་ཡིས་འདོམས། ཡང་ཚེས་གཉིས་ཀྱི་ཐོ་རེངས་ཆོས་ལྷུན་དབུ་བྱེད་བྱམས་པ་ཡིན་སྙམ་པ་ཞིག་ནས། བྱམས་པ་མཆེད་ལྔའི་ཡ་གྱལ་ཆོས་ལྷུན་བྱམས་སྐུའི་ལོ་རྒྱུས་