R196: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་བླ་མ་ཐམས་ཅད་མཁྱེན་པ་ངག་དབང་ཀུན་དགའ་བློ་གྲོས་སངས་རྒྱས་བསྟན་པའི་རྒྱལ་མཚན་དཔལ་བཟང་པོའི་རྟོགས་པ་ངོ་མཚར་འཕྲུལ་གྱི་རོལ་རྩེད་སྡེ་བཞིའི་འབྱུང་གནས།

  • Pagination (Witness A): ༦༡༢
[A:༦༡༢]རྗེ་རྡོ་རྗེ་འཆང་ལ་ཞུ་མུར། རབ་གནས་དུས་བྱམས་པ་དགེ་སློང་རྣམ་པས་ལྷུང་བཟེད་ཆུས་གང་བ་བསྣམས་པ་ཞིག་ཐིམ་ཟེར་བ་དང༌། ཤོག་དྲིལ་ལོ་རྒྱུས་ཀྱི་ཡི་གེ་ཡོད་པ་ཞིག་ན། དེ་དུས་མར་པ་མི་ལ་ཞལ་གཟིགས། བརྒྱུད་པའི་རྩ་བ་ས་ར་ཧ། ཏེ་ལོ་པ་རྣམས་ཀྱང་གཟིགས་ཤིང༌། །ཁྱད་པར་འགྲོ་མགོན་འཆི་བདག་གི་འཇིགས་པ་ལས་ཐར་ཟེར་བ་ཞིག་འཁྲུངས་པ་ནི། ཞེ་ལྔའི་སྐུ་འཕྲང་འཚུབས་མ་ལས་གྲོལ་ཞིང༌། སྐུ་ཞི་བར་ཐིམ་དུས་ཀྱི་ལུང་བསྟན་ཞིབ་གསལ་དུ་གོར་མ་ཆག །དེ་ལོ་རྒྱལ་ཚབ་དེ་མོ་རིན་པོ་ཆེ་ངག་དབང་འཇམ་དཔལ་བདེ་ལེགས་རྒྱ་མཚོས། ཟན་ཡངས་མི་འགྱུར་ལྷུན་གྱིས་གྲུབ་པའི་གནྡྷོ་ལ་ཆེན་པོར་ཞིག་གསོས་ཀྱིས་མཚོན། སྤྱི་སྒོས་བསྟན་འགྲོའི་བདེ་ཐབས་ལ་ཆེད་དུ་དགོངས་པའི་རིམ་གྲོའི་ཐེབས་སུ་དངོས་འབྱོར་གྱ་ནོམ་པ་སྩལ་བ་བཞིན། ཆོས་དུང་རིན་པོ་ཆེ་གསུང་བསྐུལ་གྱིས་མཚོན། མཛད་སྒོ་ཀུན་གང་འཚམས་ཡེ་ཤེས་གཟིགས་པས་གནད་སྨིན་གནང༌། ས་ཟླའི་ནང་དགོངས་ཉུལ་ཞིག་རྗེ་ཉིད་ཐུགས་དམ་ལ་བཞུགས་མུར། རྒྱུ་མཚན་མེད་པར་སྐུ་ཤིན་ཏུ་ཉོག་ཉམས་ཀྱིས་ཐུགས་སྣང་ནུབ་པ་ལྟ་བུ་འཁྲུངས་འཕྲལ། གཞུང་ཞབས་ནས་བསམ་ཡས་སྐུ་རྟེན་སྐོར་གྱི་ཆིབས་ཟམ་འབྱོར་བས། དམ་སེལ་སྦྱོང་ཐབས་སོགས་རིམ་གྲོ་རྣམས་གབ་སྦས་མེད་པར་སྩལ། སྣྲོན་ཟླའི་མདོ་སྡེ་ལྷ་མཆོད་ཐོག་སྐུ་རྟེན་ཕྲིན་ལས་སམ། སྐལ་ལྡན་འོས་ཤར་སུ་ཞིག་ལ་ཞལ་གཟིགས་ཀྱང་དམ་བསྒྲག་ཕྲིན་འཆོལ་སོགས་མཛད་དགོས་ཀྱི་གསུང་མཆིད་རྒྱལ་ཚབ་མཆོག་ཏུ་ཞིབ་ལྷོངས་དང༌། རྗེ་ཉིད་ནས་ཀྱང་གཞི་ཐོག་རྩེར་ལྷ་བསངས་རྒྱས་པ་སྩལ་རྒྱུའི་ཐོ་རངས། ཐུགས་ཉམས་དང་འོད་གསལ་འདྲེས་པའི་མུར། བན་དེ་གཟུགས་བཟང་གཟི་བརྗིད་ཅན་ཞིག་ཁ་བཏགས་ཐོགས་ནས་གླེང་མོ་བྱེད་ལ་ཁད་ཡལ་བ་ཞིག་འཁྲུངས་པ་ནི། དམ་ལྡན་པུ་ཏྲ་དམར་