R196: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་བླ་མ་ཐམས་ཅད་མཁྱེན་པ་ངག་དབང་ཀུན་དགའ་བློ་གྲོས་སངས་རྒྱས་བསྟན་པའི་རྒྱལ་མཚན་དཔལ་བཟང་པོའི་རྟོགས་པ་ངོ་མཚར་འཕྲུལ་གྱི་རོལ་རྩེད་སྡེ་བཞིའི་འབྱུང་གནས།

  • Pagination (Witness A): ༦༡༣
[A:༦༡༣]པོ་ཉིད་ཀྱིས་ཕྲིན་ལས་གཡེལ་བ་མེད་པའི་བརྡ་དང༌། ཆུ་སྟོད་ཚེས་བཅུ་ནས་ཉིན་གསུམ་རིང་སྣོད་བཅུད་སྤྱི་དང༌། བྱེ་བྲག་འཛམ་གླིང༌། ཡང་སྒོས་བོད། ཉིང་སྒོས་དཔལ་ས་སྐྱའི་གདན་ས་མ་ལག་ཀུན་གྱི་བཅུད་འཕེལ་ཕྱིར། ཕྱྭ་ཕྲིན་ནོར་བུའི་མཆོག་རྒྱལ་སྡེ་དགེ་ཞུ་ཆེན་རིན་པོ་ཆེའི་གསུང་རབ་བཞིན་རྗེ་ཉིད་ཀྱིས་གནད་ཉིན་ཁོ་ནར། སྡེ་དགེ་ནས་གསུང་ཤོག་འཕྲལ་རྫོང་འབྱོར་རྟེན། གསེར་སྲང་ལྔ། དངུལ་བྲེ་ཆེན། གོས་ཡུག་སོགས་དང༌། ཁྱད་པར་རྡོར་དྲིལ། ཌཱ་མ་རུ། ཏིང་ཤགས། བོདྷི་ཙིཏྟའི་ཕྲེང་བ་སོགས་ཀྱི་ཞར་ལ། གཞན་ཡང་གསེར་དངུལ་དར་གོས་སོགས་མང་ཙམ་བཅས་ཚང་མ་ཕྱྭ་རྟེན་གྲས་སུ་ཕྱག་རྟགས་འབྱར་བ་དང༌། བཅུ་གཅིག་ཆད་པའི་བཅུ་གསུམ་ཉིན་ཕྱྭ་སྒོ་དབྱེ་བའི་སྐབས། འཇམ་མགོན་སྐུ་མཆེད་ཡུམ་མཆོག་བཅས་ལ་ཕྱཱ་རྫས་བསྟར་ཞིང༌། ཞལ་འདོན་གྱི་ཚེ་རྒྱུ་མཚན་མེད་པར་རྗེ་ཉིད་ཀྱི་སྙན་ཁུང་དུ་ཆོས་དུང་དཀར་པོ་རྒྱང་གྲགས་ཀྱི་གསུང་རྒྱུན་མ་ཆད་པར་གསན་ཅིང༌། ཕྱྭ་འགུགས་གྲུབ་ནས་གོང་གི་སྡེ་དགེའི་རྟེན་རྣམས་རྒྱ་བཀྲོལ་ནས་དམར་པོ་སྐོར་གསུམ་གྱི་སྔགས་བཟླ་བར་མཛད་དེ། རྡོ་དྲིལ་ཌཱའ་རུའི་གསུང་བསྐུལ་ཞིང༌། ཕྲེང་བ་ནི་བྱང་དར་དམར་པོས་གྲིལ་ནས་འདུག་པ་རྟེན་འབྲེལ་ཤིན་ཏུ་ལེགས་པར་སྩལ། བཅོ་ལྔའི་ཐོ་རེངས། ཁྱད་འཕགས་བླ་མ་ལྷ་ཁང་གི་རིང་བསྲེལ་ལས་རིང་བསྲེལ་གྱིས་ཆར་བབས་འཁྲུངས་པ་དང༌། བཅོ་བརྒྱད་ཐོ་རེངས་ནང་གཡབ་འཁོར་གོས་ཡོལ་ཅན་ན་མི་མང་པོ་བདུད་རྩི་རིལ་བུ་སྒྲིལ་བར། ཉི་མ་ཞུད་ལ་ཁད་ཤར་པས། དེ་ཉིན་འབྲུག་ཆོས་འཁོར་བསོད་ནམས་ཕོ་བྲང་གི་ནང་རྟེན་རྣམས་ལ་རིང་བསྲེལ་གཙོ་གྱུར་གྱིས་གཟུངས་གཞུག་དགོས་ཚུལ་གསུང་བ་བཞིན། དེ་ལྟའི་ལོ་རྒྱུས་དང་བཅས་སྩོལ་བར་མཛད་པའང་རིང་མིན་ནས་འབྲུག་ཕྱོགས་སུ་མེ་སྐྱོན་གྱིས་རྟེན་མང་པོ་དམིགས་མེད་དུ་སོང་བ་སོགས་