R196: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་བླ་མ་ཐམས་ཅད་མཁྱེན་པ་ངག་དབང་ཀུན་དགའ་བློ་གྲོས་སངས་རྒྱས་བསྟན་པའི་རྒྱལ་མཚན་དཔལ་བཟང་པོའི་རྟོགས་པ་ངོ་མཚར་འཕྲུལ་གྱི་རོལ་རྩེད་སྡེ་བཞིའི་འབྱུང་གནས།

  • Pagination (Witness A): ༦༡༦
[A:༦༡༦]འོད་ཟེར་འཕྲོ་བ་དང་མཉམ་དུ། གང་ན་ཐོད་དང་སྐྲ་གསར་དང༌། །གར་དང་རོལ་མོའི་སྒྲ་ཡོད་པ། །ཞེས་དགའ་སྟོན་གྱི་ངང་ཚུལ་བཟང་པོ་དང་ལྡན་པའི་ཀོང་གཞས་པ་རྣམས་ཀྱིས་སྔུན་བསུས། ཨ་ལི་དཔོན་གཡོག །སྤུ་ནག་བླ་གཉེར། སྟོད་ཚོང་དར་རྒྱས་སོགས་འབུལ་སྡུད་པ་རྣམས་དང༌། ཕྱེ་མར་གྱིས་བཀང་བའི་དངུལ་གཞོང་གསུམ་ཁྱེར་མི། རྒྱ་གླིང་པ། མགྲོན་གཉེར། སྤོས་ཕོར་པ། སྦྱོང་ཆས། གཏོར་ཐེབ་གསུམ་དུ་མཐེབ་ཀྱུ་ཁ་ཕྱིར་བསྟན་སུམ་ཅུ་བརྩེགས་སྟེང་གྱེན་བསྟན་སུམ་སྒྲོམ། གཅིག་ལ་ལྷག་གཅིག་བཅས་བརྒྱ་ཚར། སྣོད་འབྲུས་བཀང་སྟེང་རིགས་ལྔའི་རྩེ་ཕྲན་དར་དཔྱངས་བཅས་གསུམ་བཀོད་མཐར། དངུལ་གྲུབ་བཀྲ་ཤིས་རྫས་བརྒྱད། རྒྱལ་སྲིད་སྣ་བདུན། ཙཀླི་ཚར་རེ་ཐོགས་པའི་ཕན་ཚང་གསུམ། དངུལ་བུམ་རྫས་ལྡན་མགུལ་ཆིང་ཁ་རྒྱན་ཅན་ཐོགས་པ་ཡང་གསུམ། མདོ་སྔགས་རིག་གནས་དང་བཅས་པའི་དཔེ་ཚན་གནད་བསྡུས་ཁྱེར་མི་གསུམ། དམ་པ་གོང་མའི་ཕྱག་ཆ་དྲིལ་སྨྱོན་དུ་གྲགས་པ་ཆེ་ཆུང༌། ཀླུ་དབང་གི་ཕྱག་དྲིལ། ཐོད་ཌཱཾ། འཐོར་ནས། ཀ་པཱ་ལ་བདུད་རྩི་ཏིང་ཤགས་བཅས་ཡོད་པའི་ཕན་ཚང་གསུམ། སྣམ་སྦྱར་ཕྲག་པར་གཟར་ཞིང་ལྷུང་བཟེད་སྤྱི་བླུགས་ཐོགས་པ་གཅིག །གསོལ་དཔོན། སྤོས་སྣ་བ། ཡུམ་མཆོག་སོགས་ཞལ་ངོ་བྱིངས་ཕྱག་འདེགས་བཅས་དང༌། དེ་ནས་སྐྱབས་མཆོག་འཇིག་རྟེན་གྱི་སྒྲོན་མེ་ངེས་དོན་གྱི་རྡོ་རྗེ་འཛིན་ཉིད་སྐུ་འཁོར་རྣམས་དང་བཅས། བཅོམ་ལྡན་འདས་ཉན་ཐོས་ཀྱི་དགེ་འདུན་དང་བཅས་པ་ཆོས་འཁོར་ལ་འདུ་བ་བཞིན་ཆ་ལུགས་དང་སྤྱོད་ལམ་བཟང་ཞིང་དུལ་བའི་སྒོ་ནས་ཕེབས་ཤིང༌། སྤྲུལ་པའི་གནྡྷོ་ལ་ཆེན་པོའི་ཁྱམས་སྟོད་དུ་སྦྱོང་ཁྲུས། བགེགས་སྐྲོད་སོགས་དང༌། དེ་ནས་རྗེ་རྡོ་རྗེ་འཛིན་ཉིད་ཀྱིས། ཨོཾ་ན་མོ་བྷྲཱུཾ་ཨ་ཡུརྫྙཱན་ཧྲཱིཿཨ་རོ་ལིཀ་ཧཱུྃ་ཧྲཱིཿ ཞེས་མ་འོངས་སྲིད་མཐའི་བར་དུ་འབྱོན་འགྱུར་