R196: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་བླ་མ་ཐམས་ཅད་མཁྱེན་པ་ངག་དབང་ཀུན་དགའ་བློ་གྲོས་སངས་རྒྱས་བསྟན་པའི་རྒྱལ་མཚན་དཔལ་བཟང་པོའི་རྟོགས་པ་ངོ་མཚར་འཕྲུལ་གྱི་རོལ་རྩེད་སྡེ་བཞིའི་འབྱུང་གནས།

  • Pagination (Witness A): ༦༡༥
[A:༦༡༥]གྱུར་ཅིང༌། དབྱུག་ཟླའི་ཚེས་བཅུར་ཨ་ལི་བླ་མ་སྦྱིན་བདག་ངོ་གཡོག་རྣམས་ལ་གསུང་གསང་འདི་ལྟར་གྲོལ་ཏེ། ཨ་ལི་ཆོས་རྗེ་སྦྱིན་བདག་བཅས་རྣམས་རང་གཞན་གནས་སྐབས་མཐར་ཐུག་ཕན་བདེར་བསམ་སྟེ། སྡེ་སྣོད་བཤད་གྲྭ་བཟང་པོའི་རྒྱུན་རྗེ་བཙུན་ས་སྐྱ་པའི་བཞེད་པ་དང་མཐུན་པར་འཛུགས་འདུན་གྱིས་འདི་ནས་བླ་མ་དགོས་ཚུལ་བྱུང་བ་བཞིན་གྱི་རེ་འབྲས་དོན་སྨིན་སྤྱི་སྒོས་བསྟན་པ་རིན་པོ་ཆེར་བྱ་བ་ལྷག་པར་ཡང་བྱས་པ་འདི་ནི། རང་ཅག་རྣམས་ཀྱིས་རྙེད་པའི་མཆོག་ལེགས་པར་རྙེད་པ་སོགས། སྔོན་གྱི་རྒྱལ་བློན་ལོ་པཎ་བྱང་སེམས་རྣམས་དང༌། རྗེ་བཙུན་ས་སྐྱ་པའི་གོང་མའི་བཞེད་སྲོལ་དང་མཐུན་པའི་ལེགས་བྱས་ངོ་མཚར་རྒྱ་མཚོ་ཡིན་འདུག་པས། བླ་སློབ་སྦྱིན་བདག་ཀུན་ལ་རྗེས་སུ་ཡི་རང་ཞིང༌། གོང་མ་བདག་པོ་ཆེན་པོ། སྐྱབས་མགོན་རྒྱལ་བ་ཡབ་སྲས་ཀྱི་མཚན་དོན་ལ་ཕན་ངེས་ཀྱི་བྱ་བ་ཡིན་འདུག་པས་དགའ་སྤྲོ་རྒྱ་ཆེར་མཛོད། ཅེས་གསུང་གིས་དབུགས་དབྱུང་བར་མཛད་དོ། །སྨིན་ཟླའི་ཉེར་ལྔར་ལྷ་ཆེན་གསེར་ཁྲི་རིན་པོ་ཆེ་གསར་བསྐྲུན་གྱི་ཞལ་དྲོ་མགོ་ཟླའི་ཚེས་བཞིར་ཡིན་ཚུལ་གྱི་བརྡ་འགྲེམས་མཛད་རྒྱུའི་སྔ་དྲོ། རྒྱལ་ཚབ་མཆོག་ནས་བསམ་ཡས་སྐུ་རྟེན་པ་འཕྲལ་རྫོངས་གནང་བའི་སྔ་དྲོན་གྱི་གསུང་ཤོག །དངུལ་གྱི་མཎྜལ། ས་སྙིང་སྲང༌། ལྷ་གོས་སོགས་གསེར་ཁྲི་རིན་པོ་ཆེར་དགེ་བའི་ལ་ཉི་གསུམ་པར་འཁུམས། མགོ་ཟླའི་ཚེས་བཞིའི་ཤར་མདའ་བཏང་ཙམ་ལ་རྗེ་རྡོ་རྗེ་འཆང་ཉིད་ཀྱི་ཐུགས་བསྐྱེད་ཕྲིན་ལས་ཀྱིས། གཅིག་ཏུ་ན་ལྷ་ཆེན་སྤྲུལ་པའི་གནྡྷོ་ལ་ཆེན་པོ་མཛེས་པའི་རྒྱན་གཅིག་གསེར་ཁྲི་རིན་པོ་ཆེ་གསར་བཀོད་བསྒྲིག་རྒྱུའི་དོ་དམ་དུ་མཛོད་འཛིན་པར་བཀས་མདགས་པ་བཞིན་ལེགས་པར་བསྒྲིགས་འཕྲལ། དུང་མཁན་གྱིས་ཆོས་དུང་རིན་པོ་ཆེ་གསུང་བསྐུར་དང་བསྟུན། ལྷ་ཁང་ཆེན་མོའི་གསེར་གྱི་རྒྱལ་མཚན་རྣམས་ལ་ཉི་མ་ཤར་བའི་