R196: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་བླ་མ་ཐམས་ཅད་མཁྱེན་པ་ངག་དབང་ཀུན་དགའ་བློ་གྲོས་སངས་རྒྱས་བསྟན་པའི་རྒྱལ་མཚན་དཔལ་བཟང་པོའི་རྟོགས་པ་ངོ་མཚར་འཕྲུལ་གྱི་རོལ་རྩེད་སྡེ་བཞིའི་འབྱུང་གནས།

  • Pagination (Witness A): ༦༡༧
[A:༦༡༧]དང་བཅས་པའི་གདུང་བརྒྱུད་རིན་པོ་ཆེ་གསེར་ཁྲི་འདིར་མངའ་གསོལ་ཇི་སྙེད་ཀྱི་སྐུ་ཚེ་བདེ་ལྡན་མགོན་པོའི་ངོ་བོར་བྱིན་གྱིས་རླབས་ཏེ། འབྲུ་དཀར་གྱི་ཆར་ཉིལ་བཞིན་པར་རྟག་བརྟན་གཞོམ་བྲལ་གྱི་ཁྲི་འཕངས་སུ། སྐྱབས་མཆོག་ཡབ་སྲས་རྣམ་གསུམ་སྐུ་གསུང་ཐུགས་ལྷམ་མེ། ལྷང་ངེ༌། ལྷན་ནེར་བཞུགས་གྲུབ་པ་དང་དབུ་མཛད་ཆེ་བས། འཕགས་པ་དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །ཞེས་པ་ནས། མཇུག་བཀྲ་ཤིས་ཀྱི་བར་རིམ་བཞིན་བསྐུལ་ཞིང༌། སྤྱི་སྒོས་ནས་མང་ཇ་བསྙེན་བཀུར་འབུལ་ཆ་སོགས་གཟབས་པའི་ཐོག །དངོས་འབུལ་དངུལ་ཐོག་ཏུ་ཕབ་པ་བསྡོམས་དངུལ་སྲང་ལྔ་སྟོང་སུམ་བརྒྱ་དང་བཞི། ཞོ་ཕྱེད་བདུན་དུ་ལོངས་པ་བཅས་མདོར་ན། དེ་ཉིན་སྲིད་ཞིའི་དཔལ་འབྱོར་ཡོད་དགུ་ཅོག་སྤྲུལ་པའི་མཆོད་སྡོང་ཆེན་པོའི་གསེར་ཁྲི་རིན་པོ་ཆེ་ངོ་མཚར་གསར་དུ་བཞད་པའི་དྲུང་དུ། མ་འོངས་སྲིད་མཐའི་བར་གྱི་རྟེན་འབྲེལ་གྱི་ལེགས་ལམ་བཟང་པོ་དང་བཅས་འཕོས་པས། བདེ་སྐྱིད་རྫོགས་ལྡན་གཞོན་ནུའི་དགའ་སྟོན་ལ་ལོངས་སྤྱོད་པའི་སྐབས་སོ། །དེ་དག་གི་དོན་བསྡུ་ན། སྐུ་ཚེའི་ཀ་བ་ཚུགས་པའི་གཞལ་མེད་ཁང༌། །བསྟན་དང་དེ་འཛི་དར་བའི་དཀྱིལ་འཁོར་ངོམ། །མཁན་སློབ་ཆོས་གསུམ་ཕྲིན་ལས་གནྡྷོ་ལ། །དགེ་མཚན་བཞད་པའི་བླང་དོར་གཡང་དུ་ཁུག །སངས་རྒྱས་རྣམ་སྤྲུལ་དགྲ་བཅོམ་གནས་བརྟན་ཆེ། །ངལ་འཚོའི་གནས་སུ་དཔལ་ཆེན་ཧེ་རུ་ཀས། །ཆོས་ཀྱི་དུང་གི་སྒྲ་ཆེན་བསྒྲགས་པའི་མགྲོན། །དོན་མཐུན་གསུང་གསང་རྣ་བ་སྟོང་གིས་ཉན། །ཨ་ཧོ་སྔོན་མེད་བཅུ་གསུམ་རྡོ་རྗེའི་སའི། །ཁྲི་འཕངས་མཐོན་པོར་ཞབས་ཟུང་བཀོད་དོ་ཞེས། །དཀར་ཕྱོགས་ལྷ་སྲུང་དགྱེས་པའི་མཚན་མ་འབུམ། །ལྷུན་གྲུབ་རྒྱུན་མི་ཆད་པའི་དྲིན་ཅན་རྗེ། །ཞེས་ཀྱང་སྨྲས་སོ།། །། ༈ དགུང་གྲངས་ཞེ་དྲུག་དུ་ཕེབས་པ་