R196: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་བླ་མ་ཐམས་ཅད་མཁྱེན་པ་ངག་དབང་ཀུན་དགའ་བློ་གྲོས་སངས་རྒྱས་བསྟན་པའི་རྒྱལ་མཚན་དཔལ་བཟང་པོའི་རྟོགས་པ་ངོ་མཚར་འཕྲུལ་གྱི་རོལ་རྩེད་སྡེ་བཞིའི་འབྱུང་གནས།

  • Pagination (Witness A): ༦༡༨
[A:༦༡༨]ཤིང་རྟ་ལོ་འགྲོ་མགོན་བསྟན་པ་སངས་རྒྱས་དང༌། །རྗེ་ཉིད་ཀྱི་ཞམ་འབྲིང་པ་ཆེན་པོ་བསོད་ནམས་འོད་ཟེར་གཉིས་འདས་པས། སོ་སོའི་རྗེས་སྒྲུབ་གུ་རུ་རིན་པོ་ཆེ་དང་འཇམ་དབྱངས་སོགས་ཀྱི་ཞལ་བཀོད་སོགས་འཆར་འཕར་གྱི་བསྟན་མཁས་མཛད་སྒོ་རྣམས་ལ་ཐུགས་གཞོལ་བའི་མུར། གྲོ་བཞིན་ཚེས་ལྔའི་ཐོ་རེངས་འོད་གསལ་དུ། སྡེ་དགེ་མཁན་ཆེན་ཤར་ཆེན་ཞབས་དྲུང་འཁོར་བཅས་ལ་ཕག་མོ་ཞལ་གཉིས་མའི་བྱིན་རླབས་ཕུལ་ཞིང༌། དེའི་སྐུ་སྣང་ལ་རང་བཞིན་མེད་པ་ཟིལ་ཆེན་ཞིག་གཟིགས་པའི་མོད་དུ་དར་གཅིག་མཉམ་གཞག་ལ་འབྱམས་པར་གྱུར། དེ་ནས་གཞན་ཡང་ཆོས་བཀའ་འདྲ་འབུལ་རྒྱུ་ཡིན་དགོངས་པ་ཞིག་འཁྲུངས་སོ། །ཟླ་ནང་དེར་འབྲུག་སྡེ་སྲིད་རྙིང་པ་བསོད་ལྷུན་བོད་ལ་བྲོས་ཏེ་རྒྱལ་རྩེར་མཆིས་དུས། དམ་པའི་རང་བཞིན་འགོག་མེད་ཀྱི་གཟིགས་པས་གནང་ཆ་གྱ་ནོམ་པ་སྩལ་བས། ཁོང་པ་ཤིན་ཏུ་མགུ་ཞིང་སླད་ནས་ཞབས་འགྱུར་ཡང་དག་ཞུ་རྒྱུའི་ཐ་ཚིག་ཕུལ་ཞིང༌། འདི་འདྲའི་རིགས་ཀྱི་ཐུགས་བསྐྱེད་གཞན་ཡང་མང་དུ་མཆིས་པའང་འདིས་མཚོན་ནུས་སོ། །ཁྲུམས་ཟླའི་ཚེས་གསུམ་ཐོ་རེངས་ཞལ་དཀར་ངག་དབང་ལགས་རིག་འཛིན་ཕོ་བྲང་ན་ཐུགས་དམ་གནང་མུར། མནལ་དུ་སོང་བའི་རྨང་ལམ་དུ། རྗེ་རྡོ་རྗེ་འཛིན་ཉིད་འགྲུལ་ལ་ཕེབས་ཟེར་རྒྱ་གླིང་བཏང་བྱུང་བའི་མོད་གཟིགས་པས། རྗེ་རྡོ་རྗེ་འཆང་ཉིད་མ་གཟིགས་པར་ཐུགས་སྐྱོ་ལྷང་བྱུང་མུར། དེ་མ་ཐག་རྗེ་ཉིད་ཀྱི་གསུང་ལས། བསྟན་མ་ཁྱོད་ནི་མྱ་ངན་མ་བྱེད་ཅིག །ང་ནི་ད་དུང་འབུམ་ཙམ་འཚོ་བར་འགྱུར། །གསུང་བ་ཞིག་གསན་ཅིང༌། །དབྱུག་ཟླའི་བཅུ་བཞི་ས་ཆེན་ཡབ་སྲས་གཉིས་ཀའི་དུས་ཆེན་དངོས་དང༌། གཞན་ཡང་ཚེས་མཆོད་བཟུང་བ་སོགས་ཀྱི་དབང་དུ་བྱས་ན། ཆོས་རྗེ་ས་པཎ། རོང་སྟོན་ཐམས་ཅད་མཁྱེན་པ། སྔགས་འཆང་ཆོས་ཀྱི་རྒྱལ་པོ་རྣམས་ཀྱིའང་དུས་ཆེན་ཉིན།