R196: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་བླ་མ་ཐམས་ཅད་མཁྱེན་པ་ངག་དབང་ཀུན་དགའ་བློ་གྲོས་སངས་རྒྱས་བསྟན་པའི་རྒྱལ་མཚན་དཔལ་བཟང་པོའི་རྟོགས་པ་ངོ་མཚར་འཕྲུལ་གྱི་རོལ་རྩེད་སྡེ་བཞིའི་འབྱུང་གནས།

  • Pagination (Witness A): ༦༡༩
[A:༦༡༩] གདན་ས་ཆེན་པོའི་དྲི་གཙང་ཁང་རྣམས་སུ་སྣ་ལྔའི་སྟོང་མཆོད། ལྷ་ཆེན་འདུས་ཚོགས་སུ་བསྙེན་བཀུར་གྱ་ནོམ་པའི་ཐོག་རྒྱལ་བསྟན་རིན་པོ་ཆེ་སྤྱི་བྱེ་བྲག་དར་བརྟན་གྱི་ཐུགས་སྨོན་དང་ཆབས་གཅིག །སྔོན་དུ་མདོ་སྨད་ས་སྐྱོང་བློ་གྲོས་རྒྱལ་མཚན་ཡབ་སྲས་ལ་ཆོས་སྦྱིན་མི་ཟད་པར་གྱི་འཕྲུལ་འཁོར་བཀས་དབང་བསྐུར་བ་བཞིན་ཕྱག་ཐོག་ཏུ་སོན་ཏེ། ཕུར་པ་བླ་མའི་འབུལ་སྐྱེལ་གདོང༌། བོད་ཀྱི་རྡོ་རྗེ་གདན་དཔལ་ལྡན་ས་སྐྱར་ཕེབས་པ་བཞིན། དེ་ཉིན་རིག་གཏེར་གསལ་བྱེད། ཕར་ཕྱིན་བཀའ་འགྲེལ། སྡོམ་གསུམ་ཁ་སྐོང༌། བདུད་རྩི་ཉིང་ཁུ་སོགས་ཀྱི་བར་ཕུད་འདུས་ཚོགས་སུ་སྩལ། མགོ་ཟླའི་ཉེར་དྲུག་ཆད་པའི་ཉེར་ལྔ་གཟའ་ཚེས་དགེ་བར་རྗེ་རྡོ་རྗེ་འཛིན་ཉིད་ཀྱི་ཐུགས་བསྐྱེད་རླབས་པོ་ཆེས་དཔལ་ས་སྐྱར་དཔལ་ལྡན་ཆོས་ཀྱི་གྲགས་པས་མཛད་པའི་རྒྱས་པའི་བསྟན་བཅོས་ཚད་མ་རྣམ་འགྲེལ་གཞུང་སྐྱོར་ཚེས་མཆོད་ཐོག་མར་ཚུགས་སྐབས། མ་བསྒྲིགས་རང་འགྲིག་གི་ངོ་མཚར་དུ། །ཨོར་དུ་སུ་ཛ་སག་པས་སེ་ཏཱ་ལས་ཚེ་ཆེན་ཚོ་ཐུར་བཀྲ་ཤིས་ཚེ་རིང་གི་གསུང་བྲིས་རྟེན་གོས་དར་དངུལ་སོགས་སྤམ་མཐོ་བ་དང༌། དེ་སྲས་ཐཱ་ཇི་མགོན་པོ་རྡོ་རྗེ་བྱོན་པས་དངུལ་གྱི་མཎྜལ། དངུལ་བྲེ་ཆེན་མང་བ། ཞང་པོ་མེ་རིན་བདེ་མཆོག་གིས་ཀྱང་དེ་བཞིན་བཅས་འབྱོར་པ་སོགས་གཞུང་སྐྱོར་གྱི་ལ་ཉེ་བཟང་ཞིང༌། དེ་ཉིད་རྗེ་རྡོ་རྗེ་འཆང་ཡབ་སྲས་ནས་གནས་བཅུ་ལྷ་ཁང་རྟེན་དྲུང་མཆོད་ཚོགས་གཟབས་པའི་དབུས་སུ་གོང་གི་མཎྜལ་སྣེ་འདོགས་བཅས་བཤམས་ནས། རྣམ་འགྲེལ་གཞུང་སྐྱོར་ཐུགས་བསམ་རྣམ་དག་གིས་བསྐྲུན་པ་འདི། རྒྱལ་བ་བུ་རམ་ཤིང་པའི་བསྟན་པའི་གསལ་བྱེད་དམ་པར་གྱུར་ནས། སྐྱེ་དགུ་ཀུན་ལ་འཕྲལ་ཡུན་ཕན་བདེ་རྒྱ་ཆེར་འབྱུང་བ་ཞིག་བླ་མ་ཡི་དམ་སངས་རྒྱས་བྱང་སེམས་རྣམས་ལ་གསོལ་འདེབས་དང་ཐུགས་སྨོན་འཕགས་པ་ཀུན་ཏུ་བཟང་པོའི་རྗེས་