R196: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་བླ་མ་ཐམས་ཅད་མཁྱེན་པ་ངག་དབང་ཀུན་དགའ་བློ་གྲོས་སངས་རྒྱས་བསྟན་པའི་རྒྱལ་མཚན་དཔལ་བཟང་པོའི་རྟོགས་པ་ངོ་མཚར་འཕྲུལ་གྱི་རོལ་རྩེད་སྡེ་བཞིའི་འབྱུང་གནས།

  • Pagination (Witness A): ༦༢༡
[A:༦༢༡]སྐྱ་པར་རྦོད་གཏོང་བྱེད་མི་དེ་བསད་ཚར་བས་ཁྲག་སྐུ་གཉེར་ཁང་དུ་འཐུང་ན་དམར་དྲི་ཡོང་འདུག་པས། མགོན་ཁང་དུ་ཁྲག་རྫ་ཆུང་གང་འཐུངས་པ་ཡིན་ཟེར། ཁ་དམར་དྲི་ཆིལ་ལེ་སླེབས་བྱུང་ཟེར་བ་ཞིག་འཁྲུངས་པར། བཀའ་ལས། འདི་ནི་ངེས་པར་བསད་རྟགས་ཚད་ལྡན་རང་ཡིན་འདྲ་བས། དམ་ཅན་པུ་ཏྲ་ཉིད་ཀྱིས་གནོད་བྱེད་ཞིག་བསྒྲལ་ལམ་སྙམ། ཞེས་གསུངས། ནག་ཟླའི་ནང་སྡེ་དགེར་བཟང་ངན་བླང་དོར་གྱི་ལྷས་ཆེད་དུ་བཟུང་གནང་གི་ཐོ་རེངས། གསང་འདུས་མི་བསྐྱོད་པའི་རྡུལ་དཀྱིལ་གཟབས་བྲིས་ཐོག་ནས་གཞན་ཞིག་ལ་དབང་བསྐུར་མཛད་རྒྱུ་ཡིན་དགོངས་པ་དང༌། གཞན་ནས་དཀྱིལ་འཁོར་དེ་དྲུང་དུ་ཚེ་བརྟན་གྱིས་མཚོན། འབྲེལ་ཐོགས་ལ་བསྔོ་བ་ཞུ་དགོས་ཟེར་བ་ཞིག་འཁྲུངས་པས། བཀའ་ལས། དཀྱིལ་འཁོར་གཟབས་བྲིས་དེ་ནི་དགེ་བའི་མཚན་མ་དང༌། བསྔོ་བ་ཞུ་དགོས་ཟེར་བ་ཅུང་ཟད་འཚུབས་ཉམས་བཅས་རིམ་གྲོས་ཁྱོར་ན་སྐྱོན་ཆེར་མེད། དེ་ལས་གཞན་དུ་གྱུར་ན་དེ་བཞིན་འབྱུང་ངོ་ཡིན་འདྲ། ཞེས་གསུངས་ཏེ། གཙུག་ལག་ཁང་རྣམས་སུ་མཆོད་འབུལ་རྒྱ་ཆེ་ཐུགས་སྨོན་གྱི་མཚམས་སྦྱོར་དང་བཅས་པ། སྦྱིན་སྲེག་སྤེལ་ཚིག་ལ་སྡེ་བཞི་དགེ་བཅུ་འཛོམ་པའི་སྣོད་བཅུད་གཙོ་ཕལ་ལ་སྔོན་ལས་འཕྲལ་རྐྱེན་ལས་གྱུར་པའི་བྱུར་དང་སྐལ་བ་ངན་པ་བཀྲ་མི་ཤིས་པའི་ནད་གདོན་ཉེར་འཚེ་ཐམས་ཅད་ཤཱནྟིཾ་ཀུ་རུ་སྭཱ་ཧཱ། ཞེས་སྦྱོར་བར་མཛད། ཚེས་བརྒྱད་ཀྱི་ཉིན་སྡེ་དགེ་རྒྱལ་སྲས་དམ་པས་མཚོན་གང་ཅིའི་ལེགས་སྤེལ་རྟེན་འབྲེལ་སྒོ་བརྒྱ་དབྱེ་ཕྱིར། སྐུ་གསུང་ཐུགས་རྟེན་གྱིས་མཚོན་དངོས་འབུལ་གྱ་ནོམ་པ་དང༌། དུས་གསུམ་ཕྱི་ནང་གསང་བའི་བཀའ་ཚིག་གསུང་ཤོག་ཏུ་འཁོད་པ་དང༌། སྐུ་ཚབ་ངག་ལམ་ནས་ཀྱང་འབུལ་རྒྱུ་བཅས། མགྲོན་དཔལ་ཆེད་མངགས་ཀྱིས་མདོ་སྨད་ཕྱོགས་ལ་འཐོན། གཞན་