R196: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་བླ་མ་ཐམས་ཅད་མཁྱེན་པ་ངག་དབང་ཀུན་དགའ་བློ་གྲོས་སངས་རྒྱས་བསྟན་པའི་རྒྱལ་མཚན་དཔལ་བཟང་པོའི་རྟོགས་པ་ངོ་མཚར་འཕྲུལ་གྱི་རོལ་རྩེད་སྡེ་བཞིའི་འབྱུང་གནས།

  • Pagination (Witness A): ༦༢༢
[A:༦༢༢]ཡང་དེ་ལོ་ཕྱི་ལོ་སོགས་ལ་སྡེ་དགེའི་ཆོས་སྲིད་དར་བརྟན་འབྱུང་ཕྱིར། ལྷ་བསངས། སྨེ་བརྩེགས། དེའི་གྲིབ་གླུད། བརྒྱ་བཞི། ཕྱྭ་ཕྲིན། ཚོགས་བདག །ཀྱེ་རྡོར་ལས་བཞིའི་སྦྱིན་སྲེག །མགོན་ཁང་རྣམས་སུ་བསྐང་ཕྲིན། ཕུར་བཟློག །དྲུག་ཅུ་པ། མཆོད་འབུལ། གསུང་སྒྲོགས་སོགས་ནར་མར་མཛད་ཅིང༌། གཞན་ཡང་ས་ངོར་སྡེ་གསུམ་གྱི་སྐུ་རིམ་དུ་བདུན་ཕྲག་གཅིག་རིང༌། ཀྱེ་རྡོར་བདག་མདུན་གཏོར་བསྔོ་བསྐང་བ་བཅས་གནད་སྨིན་དུ་མཛད་པའི་ཚེ། ཐོ་རེངས་ཤིག །སྡིག་པ་རྭ་ཅན་ཁྲུ་གང་ཙམ་ཞིག་རྗེ་ཉིད་ནས་བསྒྲལ་བས། དེའི་ཁོག་ན་གློ་སྙིང་ནང་ཆ་ཐམས་ཅད་དམར་མྱོག་གེ་གཟིགས་ཤིང༌། ཤི་བའི་རོ་དེའི་རྭ་དང་རྐང་ལག་རྣམས་ཀྱིས་ཉིད་ཀྱི་ཞབས་ཕྱི་ཞིག་ལ་འཐམས་ཉམས་འཁྲུངས་ཤིང༌། ། ༈ ཡང་མགོན་མདོས་ཤིག་མཛད་པའི་ཚེ་འོད་གསལ་དུ། སི་ཏུ་ཀརྨ་ཆོས་འབྱུང་དཔོན་གཡོག་དང་མཇལ་བས། རྗེ་ཉིད་ནི་གྲུབ་མཐའ་རིས་མེད་ཀྱི་མཁས་གྲུབ་ལ་དད་པ་དག་སྣང་རྒྱུན་དུ་བཅོས་མིན་བསྒོམས་པའི་བག་ཆགས་ཀྱིས། གསུང་གླེང་སྣ་ཚོགས་དང༌། ཁྱད་པར་རིག་གནས་སྐོར་གསན་ཡུལ་སོགས་དྲི་བ་མཛད་པའི་ལན་གསུང་སྐབས། ཁོང་གསུང་འགག་སྐུ་དྲང་པོར་བཞུགས་མི་ཐུབ་པའི་མུར་ཤངས་གཡས་ནས་ཁྲག་དམར་ཉོར་གྱིས་བྱུང་བར། ཁོང་གི་ཞབས་ཕྱི་རྣམས་ཁ་སྐྱེངས་ཉམས་དང༌། གཞན་ཞིག་ནས་འདི་དམ་སེལ་རྟགས་ཡིན་འདུག་ཟེར་བར། རྗེ་ཉིད་ནས་དེ་མ་ཐག་ཁོང་ལ་ཕན་རེའི་ཨོཾ་ཨེ་ཧོ་ཤུད་དྷེ་སོགས་འདོན་པར་མཛད་པ་འཁྲུངས་པས། བླ་མ་འདི་ལ་གཞིས་བྱེས་ཀུན་ཁ་གཏོང་བ་དེ་བདེན་པ་ཨེ་ཡིན། ཞེས་གསུངས་པ་སོགས་དངོས་སུ་ལྟ་ཅི། མནལ་ལམ་གྱི་ཚུལ་དུའང་རྗེ་དེས་བྱང་ཆུབ་ཀྱི་སེམས་དང་འབྲལ་བར་མ་མཛད་ལགས། དེ་ནས་ཆུ་སྟོད་ཉེར་དྲུག་ལ། གོང་མི་ཁྱི་ཙམ་ལ་རྗེ་ཉིད་ཀྱིས་བསྟན་ལར་གཅིག་ཏུ་དགོངས་ཏེ།