R196: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་བླ་མ་ཐམས་ཅད་མཁྱེན་པ་ངག་དབང་ཀུན་དགའ་བློ་གྲོས་སངས་རྒྱས་བསྟན་པའི་རྒྱལ་མཚན་དཔལ་བཟང་པོའི་རྟོགས་པ་ངོ་མཚར་འཕྲུལ་གྱི་རོལ་རྩེད་སྡེ་བཞིའི་འབྱུང་གནས།

  • Pagination (Witness A): ༦༢༤
[A:༦༢༤]གསུང་བ་ཞིག་འཁྲུངས་པས། ཐུགས་ལ་སྔར་རྗེས་གནང་དེ་འདྲ་གསན་པ་དང་མཛད་པ་ནི་མ་དྲན། ཀླུ་སྒྲུབ་བཀའ་འབུམ་ནའང་ཡོད་མེད་མ་ཤེས། གང་ལྟར་འཆམས་སྐུ་གསང་ཕེབས་འདིའི་ཆོ་འཕྲུལ་ཞིག་ནི་ངེས་པར་ཡིན་འདུག་པས། བཟང་ངན་དཔྱོད་དཀའ་མོ་ཞིག་འདྲ་ཞེས་གསུངས། ཀླུ་སྒྲུབ་བཀའ་འབུམ་ན་མགོན་པོའི་རྗེས་གནང་གི་ཟིན་བྲིས་ཤིག་ནི་མཆིས་ལགས་སོ། །དེ་ལོ་གྲོ་བཞིན་ཕུར་སྒྲུབ་ལ་འཇམ་མགོན་ཨེ་ཝཾ་བཟང་པོ་འདི་ཉིད་ཐོག་མར་ཕེབས་རྒྱུ་དང༌། སྲི་གནོན་ལྗགས་བསྒྲིགས་མའང་ཐོག་མར་གནམ་གང་ཉིན་མཛད་རྒྱུ་བཅས། གདན་སའི་རྩིས་པ་རྣམས་དང་སྐྱེ་རེ་བ་སོགས་ནས་དེའི་བཅོ་ལྔར་ཟླ་འཛིན་དང༌། དེ་ནས་གནམ་གང་ལའང་ཉི་འཛིན་ཡོད་པར་ཐག་བཅད་ཀྱང་གཏན་མ་བྱུང་བ་ནི། སྔོན་དུས་རྗེ་བཙུན་རིན་པོ་ཆེ་གྲགས་པ་རྒྱལ་མཚན་དང༌། འདུལ་འཛིན་ཁ་ཆེ་པཎ་ཆེན་གྱི་ལོ་རྒྱུས་ལྟར། རྗེ་ཉིད་ཀྱིས་ཐོག་མའི་རྟེན་འབྲེལ་དེ་དག་ལ་གནོད་པར་དོགས་ནས་ནང་གི་གནད་ཀྱི་རྒྱུ་བ་འགོག་པར་མཛད་པ་ནི་གོར་མ་ཆག་ཅིང༌། དེ་ལྟ་བུའི་སྲི་གནོན་དེ་བན་ཚང་བས་མཛད་པའི་རྒྱུ་མཚན་ཡང༌། སྔར་འབྲུག་ལོ་འཇམ་མགོན་དབང་སྡུད་སྙིང་པོ་འདི་ཉིད་ཕུར་སྒྲུབ་ལ་ཐོག་མར་ཕེབས་སྐབས། དྲུག་པའི་མཇུག་ནས་བདུན་པའི་འགོ་ཞག་ཤས་པར་ཀུན་རྫོབ་ལྟར་སྣང་དང་བསྟུན་རྗེ་རྡོ་རྗེ་འཆང་ཉིད་གློ་བུར་ཐོར་པ་འདྲ་བ་ཞིག་གིས་སྙུན་ཚུལ་བཞེས་པས། དེ་ལྟའི་སྲི་ངན་བཟློག་ཕྱིར་མཛད་པས་རྟེན་འབྲེལ་ཡང་ལེགས་ཏེ། སྲི་གནོན་ལས་སྦྱོར་དངོས་མཛད་དུས་མི་གཟབས་འཆོར་ཅན་གློ་བུར་དེར་ལྷགས་ཤིང༌། འབྱུང་བ་རིམ་བརྩེགས་རྣམས་ཀྱང་རྡོ་རྗེ་སློབ་དཔོན་དེས་རྣམ་འགྱུར་འཐོན་པོས་གཞན་ལས་རྔམས་ཟིལ་ཆེ་བ་དང་མནན་གྲུབ་མ་ཐག །ལྷོ་ཕྱོགས་ནས་འབྲུག་སྐད་སྙན་པ་ཚར་གཅིག་བསྒྲགས་ཤིང༌། སྒྲུབ་ཁང་དུ་འབྱོན་སྐབས་རྒྱལ་སྒོ་ནས་བཙུན་ཆུང་ཞིག་མེ་ཏོག་ཁ་གསར་སྤར་གང་ཐོགས་ཏེ་ཁྱམས་སྟོད་