R196: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་བླ་མ་ཐམས་ཅད་མཁྱེན་པ་ངག་དབང་ཀུན་དགའ་བློ་གྲོས་སངས་རྒྱས་བསྟན་པའི་རྒྱལ་མཚན་དཔལ་བཟང་པོའི་རྟོགས་པ་ངོ་མཚར་འཕྲུལ་གྱི་རོལ་རྩེད་སྡེ་བཞིའི་འབྱུང་གནས།

  • Pagination (Witness A): ༦༢༥
[A:༦༢༥]ཕྱོགས་ལ་ཤར་གྱིས་སོང་བ་དང༌། ཟིམ་ཆར་གྱིས་ས་གཞི་བརླན་པ་སོགས་མཚན་མ་བཟང་ལ་ཞལ་དྲོ་བ་ཞིག་མཆིས་པས། སླན་ཆད་ཀྱང་དགོངས་པར་འཁྱིལ་དགོས་པའི་གྲས་དང༌། ཕུར་སྒྲུབ་གེགས་མེད་དུ་གྲུབ་ནས་ཁྲུམས་ཟླའི་ནང་ཚ་རོང་བའི་སྲས་གཞོན་ནུ་ལོ་བཅུར་བྱོན་པ་སྨན་ལྷ་ཕུན་ཚོགས་པས། རྒྱུད་བཞི་རྒྱུག་འབུལ་གྱི་ཤོག་གྲངས་སུམ་བརྒྱར་ཉེ་བ་རྗེ་ཉིད་ནས་བཞེས་པ་བཅས། དུས་ཕྱིས་མཁྱེན་རབ་ཀྱི་དཔེར་འོས་པ་ལྟ་བུ་དང༌། བསམ་བརླིང་གཏང་རག་གི་ཞར་ལ་མཆོད་ཞིང་གསར་པ་བདེ་ལེགས་དཔལ་འཕེལ་ལ་ཤིས་བརྗོད་མེ་ཏོག་གི་ཆར་སྙིལ་ནས་ཕེབས་རྗེས་སུ། ཆགས་ལུག་རྣམས་ཡོང་བ་དང༌། རྡོ་གཅལ་ནའང་ངོར་ཀླུ་སྡིངས་དཔོན་གཉེར་ནས་ཚེ་ཐར་དུ་ཕུལ་བའི་ལུགས་རྣམས་ཀྱང་མཆིས་བས། རྗེ་དགེས་པའི་གསུང་ལས། གཡང་དཀར་ཕྱི་ནས་ཡོང་བ་དང་ནང་ནའང་སླེབས་པ་བཅས་ལོ་ལེགས་ཡོད། ཞེས་གསུངས། དེ་ནས་ཁའུར་སྨན་ཆབ་ལ་ཕེབས་པའི་ཡར་ལམ་སྐྱེད་ལྷས་གསུང་བསྐང་ཐོག །ངོར་པ་བསམ་པ་ཕྱིན་ཅི་ལོག་འཆང་བ་འགའ་ཞིག་གིས་ཡི་གེར་བཀོད་པའི་ཚིག་གནད་ངན་པ་རྣར་ཉན་མི་འོས་པ་ཟེར་མཁན་དེའི་བསམ་པ་བཟང་པོར་སྐྱེ་བའི་ཕྲིན་འཆོལ་མཛད། སྨིན་ཟླའི་ནང་ཆིང་ཝང་གི་མི་སྣ་བོད་པ་ཨེམ་ཇི་སོག་པོར་སོང་བ་སོགས་དང༌། སྡེ་དགེ་ནས་དཀར་ལུ་དཔོན་གཡོག་དང༌། ཨ་མདོ་བ་མང་ཙམ་བཅས་ལ་གང་འཚམས་བདག་རྐྱེན་དང༌། མགོ་ཟླའི་ནང་མཚོ་སྔོན་ཛ་སག་དགའ་ལྡན་ཨེརྑེ་དཱ་ཆིང་ལའང་ཚེ་དབང་སོགས་ལུགས་ཟུང་གིས་སྐྱོང་བར་མཛད་ཅིང༌། དེ་ལོ་ཚེ་ཆོག་ཇི་སོང་བསྡོམས་པར་མཛད་པས་ཚེ་ཆོག་ངོ་གྲངས་ཆིག་སྟོང་བཞི་བརྒྱ་དང་གཅིག །གཟུངས་རིང་སུམ་འབུམ། དྲུག་སྟོང༌། ཆིག་བརྒྱ་ང་གསུམ། སྙིང་པོ་ཉེ་སྙིང་སོ་སོ་ནས་བཞི་འབུམ། ལྔ་ཁྲི། ཉིས་སྟོང༌། ཉིས་བརྒྱ་ཞེ་གཉིས། རིགས་ལྔའི་སྔགས་བཞི་ཁྲི་ཉིས་