R196: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་བླ་མ་ཐམས་ཅད་མཁྱེན་པ་ངག་དབང་ཀུན་དགའ་བློ་གྲོས་སངས་རྒྱས་བསྟན་པའི་རྒྱལ་མཚན་དཔལ་བཟང་པོའི་རྟོགས་པ་ངོ་མཚར་འཕྲུལ་གྱི་རོལ་རྩེད་སྡེ་བཞིའི་འབྱུང་གནས།

  • Pagination (Witness A): ༦༢༣
[A:༦༢༣] གཉལ་གྱི་རྡོ་མོན་པ་ཐང་གི་མགོན་ཁང་ན་འཕགས་པ་ཀླུ་སྒྲུབ་ཀྱི་ཕྱག་བཟོ་མ་གུར་མགོན་གྱི་འཆམས་སྐུ་སུམྦྷ་ནག་པོར་གྲགས་པ་མལ་ལོས་རྒྱ་གར་ནས་གདན་དྲངས་ཟེར་བ་དེ་ཡོད་མིན་རྒྱལ་ཚབ་དེ་མོ་གོང་མར་རྩད་གཅོད་གནང་དགོས་ཞུ་དོན་བཞིན་དང་བཞེས་ཀྱིས། གྲི་གུ་རྫོང་དཔོན་མེར་མོ་ནས་ལ་རྩད་གཅོད་ཞིབ་དགོས་བཀའ་སྩལ་ལྟར། དེས་ཀྱང་ཤིན་ཏུ་ཞིབ་བྲིས་གནས་ཚུལ་ཞབས་པད་དུ་ཕུལ་བ་ངོ་མ་གདན་སར་སྩལ་བ་ལས། སྔར་ཡོད་དུས་ཞིང་བསྐོར་རེ་ལ་གདན་འདྲེན་ཞུ་སྲོལ་གྱིས། སྐབས་ཤིག་ཉིན་མོས་རུབ་པ་སོགས་འཚུབས་འགྱུར་ཆེན་པོ་བྱུང་སྐད་དང༌། དེ་ནས་མགོན་ཁང་རྡིབ་གཞོམ་གྱིས། ས་འོག་ཏུ་ཤོར་ནས་མ་འཐོན། ཞེས་དྲན་པ་ལུང་པ་དེ་ན་རྒན་མོ་ཞིག་ལས་གཞན་མེད་ཚུལ་དེར་ཡོད་རྣམས་ཀྱིས་སྨྲས་པས། སླར་ཁུངས་རྡོལ་མིན་ལ་གན་རྒྱ་འཇོག་ནུས་སམ་དྲིས་པས་ནུས་ཟེར་ནས་བཞག་སོང་ཟེར་བ་ཕུལ་ཡང༌། ཕྱིས་སུ་ཁུངས་རྡོལ་ཏེ་འཆམས་སྐུ་གསང་སྔགས་དགའ་ཚལ་དུ་ཕྱག་འབྱོར་གྱིས། འདྲ་བཞེས་གཉིས་པ་ས་སྐྱར་ཤིང་ལུག་ཆུ་སྟོད་ཟླ་ནང་གསང་སྔགས་དགའ་ཚལ་གྱི་ལྷ་བཟོ་བ་ཞི་བ་བཟང་པོའི་གདོང་སྩལ་བཞིན། བརྩེ་ཆེན་ན་ལྷ་ཁང་དུ་གདན་འདྲེན་ཉེར་བརྒྱད་ལ་གནང་བའི་ཉེར་དགུའི་ཐོ་རེངས། ཟུར་འཆད་གྲུབ་དབང་རྗེ་དྲུང་ལགས་ནས་རྗེ་ཉིད་ལ། མང་ཐོས་ཀླུ་སྒྲུབ་རྒྱ་མཚོའི་གསུང་འབུམ་ནང་གི་མགོན་པོའི་རྗེས་གནང་དེ་གནང་དགོས་ཞུ་བར། དེ་འདྲ་ཞིག་ཡོད་དགོངས་དབང་ཁང་དུ་གནང་སོང་བས། མངོན་རྟོགས་ནི་དཀྱུས་མ་དང༌། སྔོན་འགྲོའི་གསུང་བཤད་ལ་འཕགས་པ་ཀླུ་སྒྲུབ་ཀྱིས་རྒྱུད་ལས་བཏུས་ནས་འདི་མཛད། མན་ངག་རྣམས་རྗེ་རྡོ་རྗེ་འཆང་དང་མགོན་པོ་དངོས་ལ་གསན། དེ་ནས་བྲམ་ཟེ་མཆོག་སྲེད་ནས་བརྒྱུད་རྗེ་བཙུན་ས་སྐྱ་པར་བཀའ་བབས། སྤྱིར་མགོན་པོ་འདི་ལ་རྗེས་གནང་དང་དབང་བཀའ་ཁ་ཤས་ཡོད་པ་ལས། འདི་གུར་མགོན་ཁྲོ་བཅུའི་གཙོ་བོ་དེའི་རྗེས་གནང་ཡིན་