R196: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་བླ་མ་ཐམས་ཅད་མཁྱེན་པ་ངག་དབང་ཀུན་དགའ་བློ་གྲོས་སངས་རྒྱས་བསྟན་པའི་རྒྱལ་མཚན་དཔལ་བཟང་པོའི་རྟོགས་པ་ངོ་མཚར་འཕྲུལ་གྱི་རོལ་རྩེད་སྡེ་བཞིའི་འབྱུང་གནས།

  • Pagination (Witness A): ༦༢༦
[A:༦༢༦]སྟོང་བཅུ་གཅིག །ལས་སྔགས་ཆིག་འབུམ། དྲུག་ཁྲི། བརྒྱད་སྟོང༌། ཆིག་བརྒྱ་གོ་གཅིག་བཅས་འབྲུག་སྦྲུལ་རྟ་ལུག་གི་ཁོངས་སོང་བར་གྱུར་ཏོ། །དེ་དག་གི་དོན་བསྡུ་ན། རིན་དང་ཝརྞའི་བརྡས་བསྟན་འབྱུང་གྱུར་གཏམ། །བོད་དང་བོད་ཆེན་བདག་པོའི་རེ་འབྲས་རྫོགས། །འོད་གསལ་ངང་དུ་འཆོལ་སྔགས་བྱམས་སྙིང་གི །མཚོན་ཆས་མི་དགེའི་སེམས་ཅན་བསྒྲལ་ཞེས་སྒྲོགས། །ཐབས་དང་ཤེས་རབ་ཨེ་ཝཾ་ཟུང་འཇུག་སྒོ །རྟེན་འབྲེལ་བཟང་པོའི་གནད་ཀྱི་ལག་པ་ཡིས། །ཕྱེ་བའི་གྲོགས་སུ་འཚོ་བྱེད་གཞོན་ནུ་ཡང༌། །ཕྱི་ནང་གསང་བའི་གཡང་དཀར་དྲངས་ཏེ་ལྷགས། །ལས་ངན་མུན་པར་འཁྱམས་པའི་བསམ་ངན་སྡིག །མེ་འབར་ཁྲོད་དུ་སྦྱངས་ནས་རིང་པོའི་མགྲོན། །ལུགས་ཟུང་སྣང་བས་ངོམས་མཛད་དྲིན་ཅན་རྗེ། །འོད་མཐའ་ཡས་པའི་དཔལ་འབྱོར་བདག་དེའོ། །ཞེས་ཀྱང་སྨྲས་སོ།། །། ༈ དགུང་གྲངས་ཞེ་བརྒྱད་དུ་ཕེབས་པ་མེ་སྤྲེལ་རྒྱལ་ཟླའི་ཚེས་ལྔར་ལྕང་སྐྱ་རྡོ་རྗེ་འཆང་གི་སྐུ་མདུན་པ་མདུང་ནག་ཞབས་དྲུང་འབྱོར་རྒྱུའི་ཐོ་རེངས། རྗེ་རྡོ་རྗེ་འཆང་ཉིད་དབང་ཁང་ན་གནས་གསར་རྡོ་རྗེ་འཆང་ལ་བཀའ་ཆོས་ཞུ་མུར། མངྒ་ལ་ཀུ་ཊའི་སྒྲ་སྒྲུབ་དང་བཅས་གསུང་བཤད་རྒྱས་པོ་ཞིག་མཛད་པ་འཁྲུངས་པས། དེའི་དོན་ནི་བཀྲ་ཤིས་བརྩེགས་པ་ཞེས་བྱ་བ་ཡིན་ནོ། །ཆོས་དྲུག་པ་ཤེ་འགྲུབ་སྦྱོར་ཉིན་གཟིམ་ཆུང་གཏོར་སྤོད་སྐབས། གོང་གི་རིགས་སྲས་དམ་པ་འཇམ་མགོན་གཞོན་ནུར་གྱུར་པ་ནས། ད་ནངས་བཀའ་བཞི་ཐུགས་སུ་ཆུབ་པས་ད་དཔེ་འཛིན་ཇི་འདྲ་ཡོང་བཀའ་སྩལ་བར་བསྐུལ་བས། ཐུགས་རྗེ་ཆེ། ད་ལྟར་རང་གསལ་ཞིག་འབུལ་དགོས་གསུངས་ཤིང༌། ཐུགས་ལ་གློ་བུར་དུ་སྤྲེའུ་ལོའི་དབྱར་ཆོས་ལ་གསུང་བཤད་གནང༌། དེ་ནས་གསེར་འཕྱང་མཆུ་ཟླའི་ནང་གཞན་ཡང་