R196: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་བླ་མ་ཐམས་ཅད་མཁྱེན་པ་ངག་དབང་ཀུན་དགའ་བློ་གྲོས་སངས་རྒྱས་བསྟན་པའི་རྒྱལ་མཚན་དཔལ་བཟང་པོའི་རྟོགས་པ་ངོ་མཚར་འཕྲུལ་གྱི་རོལ་རྩེད་སྡེ་བཞིའི་འབྱུང་གནས།

  • Pagination (Witness A): ༦༣༡
[A:༦༣༡]ཤག་བྱང་སྲས། བླ་བྲང་མཆོག་གི་སྐུ་ཚབ། ཆེད་མཁན་ཅུང་པོ། བླ་མ་མེ་ལེའི་ངོ་ཚབ་སོགས་དཔོན་གཡོག་གཏོས་ཆེན་ཚོ་གཅིག །རྒྱ་དཔན་སྦྱར་ཁོ་ཆི། སྦི་ཆལ་ཆི། སྤོ་ཤོག་ཐུ། ཐང་སི་ཟུང་བཅས་ཚོ་གཅིག་རྣམས་ལ་མཇལ་ཕྱག་རྒྱས་པར་སྩལ། དེ་ཉིན་འཇམ་དཔལ་རྡོ་རྗེས་བསྐང་རྫས་གཟབས་བཤམས་ཀྱིས་སྒོ་རུམ་དུ་གསུང་བསྐང་ལ་བན་ཚང་བཅུ་བཞི་བྱོན་ཐོག །སྤྱན་འདྲེན་སྐབས་ཁོང་ལ་རྟེན་མཇལ་དང༌། གཞིས་ལེན་ཆེན་མོ་རྒྱས་ཤོམ་གྲས་ལ་བླ་ཆེན་འཕགས་པའི་རྣམ་ཐར་ཐང་ཀ་གསར་བཞེངས་ཞལ་ཕྱེ་ཞིང་དེའི་ཚེ་ཁོང་རྣམས་ལ་ཕེབས་ཕྱག་དང༌། འཇམ་དཔལ་རྡོ་རྗེ་སོགས་སྐུ་དྲག་ཉི་ཤུ་སྐོར་ལ་གཉན་སྒྲོལ་རྗེས་གནང་དང་སྒྲུབ་ཐབས་ལས་ཚོགས་ཀྱི་ལྗགས་ལུང༌། བཀའ་བསྒོ་བཅས་ཚོམས་དམར་དུ་སྩལ། བས་སེ། ཁེ་པེ་གུང༌། ཤག་བྱང༌། བླ་བྲང་སྐུ་ཚབ་སོགས་བཅུ་སྐོར་ལ་འབྱུང་འདུལ་རྗེས་གནང་ལུང་བཅས་བཀའ་བསྒོ་སོགས་ཨེ་ཝཾ་དུ་སྩལ་ཏེ། ཚེས་ལྔར་ཁོང་དཔོན་གཡོག་བྱིངས་ཕེབས་ཤིང༌། ཐུ་ཤེ་ཐུའི་མི་སྣ་ཟུང་དང་ཤག་བྱང་སོགས་ཞག་འགའ་བཞུགས། དེའི་གངས་ཉི་ཤར་ཙམ་ལ་ཆོས་དུང་རིན་པོ་ཆེ་གསུང་བསྐུལ་གྱིས་ཚང་མ་གཟབས་བཞེས་བཅས། གསུང་ཆོས་ལ་ཕེབས་ཏེ་ཆོས་ཁྲིར་རྗེ་ཉིད་དང༌། བཤད་གྲལ་འགོར་འཇམ་མགོན་གསུང་བཤད་ཀྱི་དགའ་སྟོན་སྩོལ་བ་པོ། །འཆམས་ཁང་ལྷོ་འགྲམ་ནས་ཞལ་ངོ་བྱིངས་རྣམས་དང༌། རུ་ཐོག་རྒྱལ་པོ། །ཕྱག་གཉེར་དྲུང་འཁོར་སོགས། མདུན་གྱི་ས་སྟེགས་རྩ་བར་དབུས་སུ་ཀླུ་སྡིངས་ཞབས་དྲུང༌། གཡས་ཕྱོགས་ལ་ལྷ་ཆེན་དང་ཆོས་ལྷུན་མཁན་པོ་ཟུང༌། བརྒྱ་དཔོན། གཡོན་ནས་ཆོས་ལས་པ་ཟུང༌། ཟུར་འཆད། བན་ཚང་པ་བཅས་ལྷོར་བསྟན་