R196: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་བླ་མ་ཐམས་ཅད་མཁྱེན་པ་ངག་དབང་ཀུན་དགའ་བློ་གྲོས་སངས་རྒྱས་བསྟན་པའི་རྒྱལ་མཚན་དཔལ་བཟང་པོའི་རྟོགས་པ་ངོ་མཚར་འཕྲུལ་གྱི་རོལ་རྩེད་སྡེ་བཞིའི་འབྱུང་གནས།

  • Pagination (Witness A): ༦༣༢
[A:༦༣༢]དང་མེ་ལྕགས་འགུགས། འཇམ་མགོན་གསུང་བཤད་པའི་སྐུ་མདུན་གཡོན་ངོས་སུ་སྐུ་ཡོན་པ། དེ་ནས་ཚོགས་བྲལ་རྣམས་ལ་ཆོས་སྡེ་ལྷོ་བྱང༌། ཆོས་ལྷུན་པ་སོགས་དང༌། བརྒྱ་དཔོན་གཡས་ནས་བླ་རིགས་བྱ་ཆུ་བ་རྣམས། གཞན་ཡང་ཁལ་ཁ་ཐུ་ཤེ་ཡེ་ཐུ་རྒྱལ་པོའི་མི་སྣ་ཨེ་རྟེ་ནེ་ཇོ་བོའི་དགེ་བསྐོས་བློ་བཟང་ཆོས་གྲུབ་པི་ལིག་ཐུ་དང༌། མི་སྣ་གཞན་ཡེ་ཤེས་རབ་རྒྱས། ལོ་ཙྪ་བ་བཅས་དང༌། སྔོན་གྱི་བུ་ཆེན་གྲས་བདག་ཆེན་ཤར་པ་ཀུན་དགའ་ཡེ་ཤེས་ལྷུན་གྲུབ། སྡེ་དགེ་སྐུ་ཚབ་མཚོན་བྱེད་ཕུར་པ་བླ་གསར། གློ་བོ་རྒྱལ་ཁབ་ནས་བྱོན་པ་མཚོན་བྱེད་གནས་བསྐོར་བ། དབུས་ཕྱོགས་ནས་གོང་དཀར་གནས་བསྐོར་བ། ཁམས་ཕྱོགས་ནས་བདེ་གླིང་གྲྭ་རྒྱུན་དང་གསེར་ཅན་གྲྭ་བསྐོར་བ། མངའ་རིས་ནས་བྱུང་བ་མཚོན་ཕྱིར་སྟག་མཁར་གཉེར་རྙིང༌། ལྷོ་ཕྱོགས་ནས་བྱུང་བ་མཚོན་པའི་གྲྭ་རྒྱུན་གཉིས། བྱང་ཕྱོགས་ནས་བྱུང་བ་མཚོན་པའི་མུས་པ་རྒྱུགས་འབུལ་བ་སོགས། གཙང་ཕྱོགས་ནས་གཞི་གྲྭ། ཆོས་ལྷུན། སྐྱེད་ཚལ། བྱ་གཤོངས་པ་བཅས་འདུས་པའི་ཐོག་མར། བསྟན་སྲུང་ཡུས་པ་ལྟ་བུས་བསེར་བུ་ཕྲན་བུ་ལྡང་ཞིང༌། འཇམ་མགོན་མཆོག་ནས་གསུང་བཤད་ཚུགས་པ་དང་གནམ་གཤིས་ཀྱང་འཇམ་ལ། གྲོལ་ཁར་ཆོས་ཆར་ཉིལ་བ་སོགས་ཀྱི་དགེ་མཚན་དང་ལྡན་བཞིན་པར། ཉིན་དང་པོར་གསང་ཕུ་བའི་སྐོར་ཆའི་གྲས་ལ་རིག་གཏེར། སྡོམ་གསུམ། སོ་ཐར་སྐབས་དང༌། གཉིས་པ་བཞི་པའི་སྐོར་ཆའི་གྲས་ལ་མངོན་རྟོགས་རྒྱན་དང༌། སྡོམ་གསུམ་སེམས་བསྐྱེད་སྐབས་དང༌། གསུམ་པར་ངམ་རིང་བའི་སྐོར་ཆའི་གྲས་ལ་སྡོམ་གསུམ་སྐབས་གསུམ་པར་གསུང་བཤད་མཛད་ཅིང༌། དེ་ལྟ་བུའི་རྒྱུན་ཡང་སྔོན་སྔགས་འཆང་ཆོས་ཀྱི་རྒྱལ་པོའི་སྐུ་ཐོག་ལ་འཇམ་