[A:༦༣༤]རྣམས་ཕུལ་བ་སོགས་འཕྲལ་ཕུགས་ཀྱི་ལ་ཉེའང་བཟང༌། དེ་ནས་ཁལ་ཁའི་རྡོ་རྗེ་ཐུ་ཤེ་ཡེ་ཐུ་རྒྱལ་པོ་ཚེ་བརྟན་རྡོ་རྗེ། སྲས་ཚེ་རིང་ཡེ་ཤེས་རྡོ་རྗེ། ཐཱ་ཇི་མི་འགྱུར་རྡོ་རྗེ། དཔོན་མོ་འོད་ཟེར་སྐྱིད་སྲས་མོ་ནོ་ཡོན་ཁུ་རུ། མཆོད་གནས་ཨེ་རྟེན་ནེ་ཇོ་བོའི་དགེ་བསྐོས་བླ་མ་དགེ་བདུན་བཅས་ནས་དཔལ་ལྡན་ས་སྐྱ་པའི་སྦྱིན་བདག་མཛད་རྒྱུའི་དགོངས་གཏད་ཅན་དེ་དག་ནས་དངོས་འབུལ་ནམ་མཁའ་མཛོད་སྒོ་དབྱེ་བ་ལྟ་བུའི་གསུང་ལན་དུ་འདི་ལྟར་གྲོལ་ཏེ། ཁལ་ཁའི་ཐུ་ཤེ་ཡེ་ཐུ་རྒྱལ་པོ་ཚེ་བརྟན་རྡོ་རྗེ་ཞེས་སྔོན་དུས་ཆོས་རྗེ་ཁུ་དབོན་གྱི་བསྟན་པའི་སྦྱིན་བདག་གོ་དན་དང་སེ་ཆེན་རྒྱལ་བརྒྱུད་ཕྱིས་སོག་ཡུལ་གཡོན་རུའི་དཔོན་ཁག་གྲས་སུ་བྱོན་པའི་ནང་ནས། ད་ལམ་ཁལ་ཁའི་རྡོ་རྗེ་སོགས་ནས། ཨེ་རྟེ་ནེ་ཇོ་བོ་དགེ་བསྐོས་ཆེན་མོར་གསུང་ངག་སོགས་ཆོས་བཀའ་དུ་མ་བཅས་དགོས་ཚུལ་གནང་བ་དེ་བཞིན་ཚང་མ་འབུལ་ཤིན་ཏུ་སྤྲོ་ཡང༌། ཆོས་བཀའ་དེ་དག་རྒྱ་ཆེ་ཞིང༌། ལག་ལེན་གྲངས་མང་པོ་ཟླ་བ་ཙམ་གྱི་རིང་ལ་འགྲུབ་དཀའ་བས། ད་ལམ་རྟེན་འབྲེལ་སརྒ་དང་པོ་ངེད་རང་ནས་གུར་མགོན་ལྷ་བཅུ་གཉིས་མའི་རྡུལ་ཚོན་གྱི་དཀྱིལ་འཁོར་དུ་དབང་བསྐུར་བ་དང༌། ལུང་ཁ་ཤས། ཟུར་འཆད་ནས་ཆོས་བཀའ་མ་ཉུང་ཙམ་དང་བཅས། དཔལ་ཀྱེ་རྡོ་རྗེའི་བཤད་རྒྱུད་ཐུན་མོང་མ་ཡིན་པ་མཁའ་འགྲོ་མ་རྡོ་རྗེ་གུར་གྱི་ལེའུ་བཅོ་ལྔ་པ་ནས་གསལ་བར་བསྟན་ཅིང༌། འགྲེལ་བྱེད་ཀྱང་སངས་རྒྱས་གཉིས་པ་ཀླུ་སྒྲུབ་ཀྱིས་ཨཱརྱ་དེ་བ་ལ་གནང༌། དེ་ནས་རྣལ་འབྱོར་དབང་ཕྱུག་བིརྺ་པ། ཤར་ཕྱོགས་ནག་པོ་པ། བྲམ་ཟེ་མཆོག་སྲེད་ནས་རིམ་བཞིན་བརྒྱུད་པའི་ཆོས་སྐོར་སྐུ་གསུང་ཐུགས་ཀྱི་རྟེན་དང་བཅས་པ་རྒྱ་གར་ནས་ལོ་ཆེན་རིན་ཆེན་བཟང་པོས་སྤྱན་དྲངས་པའི་དཔལ་རྡོ་རྗེ་ནག་པོ་ཆེན་པོ་རྟེན་དང་བཅས་པ་འདི་ཉིད་ཀྱི་བཀའ་གུང་ཐང་མལ་ལོར་བབས། དེ་ཉིད་ཀྱིས་ས་སྐྱ་པ་ཆེན་པོར་སྩོལ་བར་མཛད་པའི་མལ་གྱི་