R196: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་བླ་མ་ཐམས་ཅད་མཁྱེན་པ་ངག་དབང་ཀུན་དགའ་བློ་གྲོས་སངས་རྒྱས་བསྟན་པའི་རྒྱལ་མཚན་དཔལ་བཟང་པོའི་རྟོགས་པ་ངོ་མཚར་འཕྲུལ་གྱི་རོལ་རྩེད་སྡེ་བཞིའི་འབྱུང་གནས།

  • Pagination (Witness A): ༦༣༦
[A:༦༣༦]པ་སྩལ། དེ་ཙམ་ལ་གཞུང་ཞབས་རིན་པོ་ཆེར། གསེར་ལྗང་བརྡུང་གི་ཀུམ་བྷ་འདི་ཟུང་དང༌། དངུལ་གྱི་མཎྜལ་ཆེ་ལེགས། རྫས་བརྒྱད་སྣ་བདུན་རྣམས་འདོད་འཇོ་དཔལ་རྒྱས་སུ་བརྩེ་སྐྱོང་ཞུས་དོན་རིམ་གྱིས་སྨིན་ཅིང་འཇམ་མགོན་སྐུ་མཆེད་མེ་བྱ་རྟ་ཟླར་ཆོས་ཁྲི་འཁོར་ལོ་གསུམ་ལྡན་དུ་ཆེ་འདོན་བཀའ་དྲིན་ཆེ་རྒྱུར་ངེས་པའི་བརྡ་འགྲེམས་ཞུ་སྲོལ་བཞིན། གཞུང་ཞབས་རིན་པོ་ཆེར་སྙན་སྒྲོན་དང་ཆུ་སྟོད་ཡར་ཚེས་ནས་དབུ་རྩེ་རྙིང་མར་དེའི་བྲིས་མགོན་དང༌། གསར་བཞེངས་འབུར་སྐུའི་དྲུང་གཏོར་འཛུགས་ཀྱིས་བསྐང་ཕྲིན་ཆག་མེད་དང་བཅས་འཆམས་སྐུའི་ལས་གྲ་ཚུགས། དེ་ནས་འཆར་འཕར་གྱི་ཐུགས་བྲེལ་རྣམས་ལ་གཞོལ་བའི་མུར་སྨིན་ཟླའི་བཅུ་དྲུག་ནས། ས་ཚོགས་ཇོ་དར་ཆེན་མོར་ཉམས་གསོའི་ཞལ་བཀོད་ངོ་མཚར་ཅན་འདི་ཉིད་མཛད་ནས། གཏིང་དུ་བུམ་གཏེར་དགུ་སོགས་དང༌། སྟེང་གི་རྒྱལ་མཚན་ལ་རྣམ་བཞིའི་རིང་བསྲེལ་གྱིས་ཕྱུར་པོར་གཏམས་པ་ལ། མགོ་ཟླའི་ཚེས་གཅིག་ནམ་གཟིར་ལ་རྒྱ་དཀར་ནག་སྟེང་ནས་རྗེ་རྡོ་རྗེ་འཛིན་བན་ཚང་པའི་འཁོར་ཚོགས་བཅས་ནས་ཇོ་དར་རྒྱལ་མཚན་འཛུགས་ཆོ་ག་ཕྱག་ལེན་རྣམ་དག་གིས་བསྒྲུབས་པ་དེ་ལྟ་བུའི་ཇོ་དར་དེར། སྔོན་དུས་བླ་ཆེན་ཁམས་གསུམ་དབང་སྡུད་འཕགས་ཆེན་བློ་གྲོས་རྒྱལ་མཚན་ལ། གོང་མ་སེ་ཆེན་གོ་པ་ལས། གོས་དར་ལྔ་ཁྲི་དགུ་སྟོང་ཕུལ་བའི་ཕུད་མཚོན་ཕྱིར། གོས་ཇུས་དཀར་པོ་དར་ལྕོག་དང༌། དར་མཚོན་སྣ་ལྔའི་ཡུག་ཆེན་སྲིད་ན་རིང་བ་དཔལ་ས་སྐྱར་དུས་མདོས་གཟབས་མ་དང༌། གདུང་བརྒྱུད་ཁྲི་ཕེབས་སྐབས་ལེགས་པར་འཕྱར་རྒྱུའི་ལོགས་ལ་འདོད་གསོལ་ཅན་དུ་མཛད་དོ། །དེ་ནས་ས་ཚོགས་ཁྲི་ཆེན་མདུན་དུ་གུར་ཆེན་བསམ་གྲུབ་ཕོ་བྲང་ཕུབ་པའི་ནང་གི་གདུང་ལ་ནོར་བུའི་དྲ་ཕྱེད། འཁོར་མོར་འཕགས་པའི་རྣམ་ཐར་ཐང་ཀ །ཁྲི་ཁང་བྱང་སྐྱར་གདུང་རབས་ཐང་ཀ །རྗེ་བཙུན་ས་སྐྱ་པའི་