R196: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་བླ་མ་ཐམས་ཅད་མཁྱེན་པ་ངག་དབང་ཀུན་དགའ་བློ་གྲོས་སངས་རྒྱས་བསྟན་པའི་རྒྱལ་མཚན་དཔལ་བཟང་པོའི་རྟོགས་པ་ངོ་མཚར་འཕྲུལ་གྱི་རོལ་རྩེད་སྡེ་བཞིའི་འབྱུང་གནས།

  • Pagination (Witness A): ༦༣༧
[A:༦༣༧]གདུང་རབས་སྲིད་མཐའི་བར་ཆད་མེད་འབྱོན་པའི་རྟེན་འབྲེལ་གྱི་ཆེད་དུ། དུས་མཆོད་ནས་བདག་ཉིད་ཆེན་པོ་བཟང་པོ་དཔལ་མཆོད་ཕྲེང་སོགས་སྔོན་འགྲོའི་སྒོ་ནས་གདན་དྲངས། གཞན་ཡང་བཀའ་བསྟན། ས་སྐྱ་བཀའ་འབུམ། དབང་ཁང་ནས་བདེ་གཤེགས་མཆོད་རྟེན་བརྒྱད། ཚེ་བུམ་བཅུ་གཅིག་སོགས་དང༌། མཐའ་བསྐོར་དུ་སྣ་ལྔའི་མཆོད་ཚོགས་དང་བཅས་བཅོམ་ལྡན་འདས་སྙིང་པོ་ཀྱེ་རྡོ་རྗེའི་རབ་གནས་སྒྲུབ་ཞག་ལྔའི་གྲོལ་ཉིན་སྦྱིན་བདག་བསྒོ་བར་ཞལ་ངོ་རྣམས་དང༌། ཕྱག་གཉེར་སོགས་ཕེབས་ཤིང༌། ཆ་ཞབས་ཁམས་དྲུང་ནས་གཞས་བཅས་ཕྱི་བསྐོར་ལ་མེ་ཏོག་འཐོར་བར་མཛད་ཚུལ་ཡང༌། ཆོས་ཁྲི་སྐོར། དེ་ནས་འཆམས་ཁང་སྟེང་བརྒྱུད་ཀ་བཞི། ཀ་དྲུག །འཕེལ་རྒྱས་སྟེང་འོག །ཚོང་དཔོན་ཤག །ཁྲོ་ཁང་སྟེང་འོག་སོགས་གསར་བཟོ་རྣམས་དང༌། རིམ་གྱིས་མཛོ་མོ་སྒང་སོགས་ནས་པར་བསྐོར་རྒྱལ་པོ་སྒང་བརྒྱུད་དཔལ་འབྱོར་རབ་རྒྱས། བཟོ་ཁང་གསར་པ། དེ་ནས་ལྷ་ཆེན་འཕེན་ནག་ལ་མཆོད་འབུལ་སོགས་རྒྱུན་བཞིན་ཕྱི་བསྐོར་གྲུབ་ནས། གསུང་བསྔོ། དགའ་སྟོན་རྒྱ་ཆེ་བ་དང༌། སྦྱིན་སྲེག་སོགས་མཛད། དེའི་སང་ནས་རྒྱུན་གྱི་སྒྲུབ་མཆོད་དང་བཅུ་དགུ་ནས་ཉེར་གཉིས་བར་འཆམས་རྒྱུགས་དང༌། རྒྱལ་ཡུམ་མཆོག་ནས་རྒྱལ་གསུང་བཀའ་འགྱུར་རིན་པོ་ཆེ་ཞལ་དབྱེ་བ། ཉེར་གསུམ་ནས་ཕུར་བཟློག །འཇིགས་བྱེད། ཞལ་གྱི་གཏོར་བཟློག་རྣམས་ཚུགས་པའི་སྐབས་སོ། །དེ་དག་གི་དོན་བསྡུ་ན། རིགས་ཀྱི་བདག་པོ་ཞལ་གཟིགས་མ་དྲོས་ཀླུང༌། །འཇམ་མགོན་གཞོན་ནུ་འཁོར་ལོ་གསུམ་ལྡན་དང༌། །བཟང་པོའི་ཡུལ་དང་ཆོས་ཀྱི་སྦྱིན་ཡུལ་ཏེ། །རྣམ་བཞིའི་ལམ་ནས་འབབ་པའི་ངོ་མཚར་ལ། །མགྲོན་གྱི་ཟོལ་དུ་ལྷགས་པའི་ཆེ་དགུ་ཀུན། །གསུང་གསང་བརྒྱད་ལྡན་ཞི་བསིལ་དག་བྱེད་ནི། །འཁོར་བའི་ཚ་གདུང་སེལ་བའི་ཁྲུས་མཆོག་