R196: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་བླ་མ་ཐམས་ཅད་མཁྱེན་པ་ངག་དབང་ཀུན་དགའ་བློ་གྲོས་སངས་རྒྱས་བསྟན་པའི་རྒྱལ་མཚན་དཔལ་བཟང་པོའི་རྟོགས་པ་ངོ་མཚར་འཕྲུལ་གྱི་རོལ་རྩེད་སྡེ་བཞིའི་འབྱུང་གནས།

  • Pagination (Witness A): ༦༣༩
[A:༦༣༩]གཟབས་མ་རྒྱལ་ཟླར་འགྱངས་པའི་ཚེས་འགོར་གཏོར་སྤོད་དང་སྒྲགས། སྒོ་རུམ། ནང་སོ། །འདུད་འདུལ་ཕུག །སྐྱེད་ལྷས། བསམ་བརླིང་རྣམས་སུ་རུ་མཚོན་གསར་བཞེངས་རེ་དང༌། བདུད་འདུལ་ཕུག་མིན་པའི་མགོན་ཁང་བཞི་ལ་ལྷ་མདུང་གསར་པ་རེ་འབུལ་བ་བཅས། དུས་མདོས་ཕྲིན་འཆོལ་དང་ཆབས་གཅིག་ཐུག་ཆོག་རེ་མཛད་པ་འཇམ་མགོན་བསོད་ནམས་དབང་ཕྱུག་གི་སྐུ་ཐོག་ཙམ་ནས་བཟུང་ཆག་མེད་བྱུང་བ་བཞིན། གཏོར་སྤོད་དང་སྦྲགས་གོང་གི་མགོན་ཁང་རྣམས་སུ་ཐུག་ཆོག་དང༌། དེ་ནས་ཕུར་ཁང་ཐུབ་ཆེན་སྐུ་མདུན་དུ་དུས་མདོས་གཟབས་མའི་འཆམས་ཆས་རྣམས་གོ་རིམ་བཞིན་ལེགས་པར་བཤམས་ནས་རྗེ་ཉིད་ཀྱིས་ཕྱག་ནས་དང༌། འཆམས་སྐུར་བན་ཚང་པའི་འཁོར་ཚོགས་དང་བཅས་མགོན་པོའི་རབ་གནས་སྨིན་རྒྱས་མཛད་པའི་ཚེ་རྗེ་ཉིད་ཀྱི་གཟིགས་སྣང་ལ། འཆམས་མགོན་གཉིས་ཀྱི་ཞལ་གཉེར་ཞིང་སྤྱན་འཁྱུག་པ་སོགས་ཡེ་ཤེས་སེམས་དཔའ་བྱོན་རྟགས་གསལ་པོར་འཁྲུངས། ཉེར་གཅིག་ལ་ཀུན་རར་ཆོག་སྒྲིག །ཉེར་གཉིས་ལ་མདོས་གཟབས་བཅའ་སྒྲིག །ཉེར་གསུམ་ལ་འཆམས་སྐུ་གདན་འདྲེན་གཟབས་མ་རྣམས་དེབས་ནང་བཞིན་དང༌། དེ་ལོ་དབུ་རྩེ་ནས་ལྕམ་དྲལ་གདན་འདྲེན་བཅས། ཉེར་བཞིར་མཉེན་ཆས་འདི་སྔ་སོར་ལྷ་ཁང་རྡོ་གཅལ་དུ་མཛད་ཀྱང་རྗེ་ཉིད་ཀྱིས་དེབས་ཆེན་དུས་ཚོགས་སུ་དགོས་ཚུལ་བཞིན་མཛད་ཅིང་ཉེ་ལྔར་རྒྱུན་བཞིན། ཉེར་དྲུག་ཉེར་བདུན་ལ་ལྷ་ཆེན་ཤར་ནུབ་གཏོར་འབུལ། ས་འདུལ། ཉེར་བརྒྱད་ལ་འཆམས་དངོས། ཉེར་དགུར་གཏོར་རྒྱག །གནམ་གང་ལ་བསྐང་གསོ་བརྒྱ་ཚར་སོགས་གཟབས་སྤྲོས་སྐོར་རྗེ་རྡོ་རྗེ་འཆང་ཉིད་ཀྱིས་དེབས་བསྒྲིགས་སྔ་སོར་ཆུ་ལུག་ལོར་མཛད་པ་བཞིན་ལ། འཆམས་ཇ་ཉུང་སྐྱོན་གྱིས་དེ་ལོ་ནས་བཟུང་མཉེན་ཆས་དང༌། སྐུ་འཆམས་དངོས་གཉིས་ཆར་ལ་འཆམས་ཇ་བརྒྱད་རེ་སྤོར་