R196: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་བླ་མ་ཐམས་ཅད་མཁྱེན་པ་ངག་དབང་ཀུན་དགའ་བློ་གྲོས་སངས་རྒྱས་བསྟན་པའི་རྒྱལ་མཚན་དཔལ་བཟང་པོའི་རྟོགས་པ་ངོ་མཚར་འཕྲུལ་གྱི་རོལ་རྩེད་སྡེ་བཞིའི་འབྱུང་གནས།

  • Pagination (Witness A): ༦༤༠
[A:༦༤༠]གནང་དང༌། སྐོལ་སྣོད་ཀྱི་ཁྲོ་ཆེན་ལ་དཀར་གཡའ་བྱུགས་པ་སོགས་ཐུགས་བསྐྱེད་བླ་ན་མེད་པ་དང་གནམ་གཞག་ཞལ་བཀོད་ཀྱི་རིམ་པའང་རྒྱ་ཆེར་མཛད་དོ། །རྟ་ཟླའི་བཅུ་གཅིག་ནས་ཁྲི་ཕེབས་དངོས་གཞི་ཉིན་གསུམ་མ་མཛད་པའི་ཚེ། ཐོག་མར་ནམ་ལངས་ལ་ཆོས་ཁྲི་སྟེང་གི་ལྷ་ཁང་འཆི་མེད་ཡང་རྩེར་རྗེ་རྡོ་རྗེ་འཆང་ནས་རང་བཞིན་འབྱུང་བའི་གཙུག་ཏོར་རྣམ་རྒྱལ་གྱི་སྟ་གོན་སྒྲུབ་པར་ཕེབས། སྔར་སྲོལ་ལ་ཉིན་གཉིས་ཡབ་ཕེབས་སྲོལ་མ་མཆིས་རུང༌། དེ་ལོ་ཉིན་གཉིས་སྒྲིག་གྲས་མ་མཛད་པ་མ་གཏོགས་རྗེ་ཉིད་ཕེབས་ཤིང༌། དེ་ཡང་བཞུགས་ཁྲིའི་དབུས་སུ་བཀའ་ཆོས་ཀྱི་དགའ་སྟོན་སྩོལ་པ་པོ་ངག་དབང་ཀུན་དགའ་དཔལ་ལྡན་ཆོས་སྐྱོང་བཀྲ་ཤིས་གྲགས་པ་རྒྱལ་མཚན་དཔལ་བཟང་པོ་འདི་ཉིད་དང༌། གཡོན་དུ་ངག་དབང་ཀུན་དགའ་ཕན་བདེ་རྒྱ་མཚོ་ཐེག་མཆོག་བསྟན་པའི་རྒྱལ་མཚན་དཔལ་བཟང་པོ་འདི་ཉིད་དང༌། རིག་དང་དཀྱིལ་འཁོར་རྒྱ་མཚོའི་ཁྱབ་བདག་དྲུག་པ་རྡོ་རྗེ་འཆང་ཆེན་པོ་དེ་ཉིད་ནི། ཉིན་དང་པོ་གཉིས་རབ་གསལ་ཤར་ལྷོའི་འགུགས་ནང་དུ་ཁྲི་ཆེན་ལ་ནུབ་གཟིགས་སུ་བཞུགས། དེ་ནས་བྱང་ལ་ཞལ་ངོ༌། །མཁན་ཕྱག་གཉེར། གཞུང་ཞབས་རིན་པོ་ཆེའི་སྐུ་ཚབ་སོགས་གསོལ་ཇ་དང་འབུལ་ཆེན་འགྲོ་ཡུལ་མ་གཏོགས་སྐུ་དྲག་ཇི་སྙེད་པས་ཕྱུར་ཞིང༌། བཞུགས་ཁྲིའི་གཡས་རྡོ་སྐས་འགོར་སྐུ་ཡོན་པ། དེ་སྐབས་འདྲེན་ཆས་ཐོབ་པ་རྣམས་ལ་རང་རང་གི་འདྲེན་ཆས་འབུལ་མི་དང༌། དེ་མིན་སྐུ་དྲག་རྣམས་ལ་འདྲེན་པས་ཞལ་དཀར་རག་སྟེགས་བཅས་ཐོབ་མི་ཐོབ་ཀྱི་རྣམ་གཞག་དང་ལྡན་པར་མཛད། མཐིལ་རྡོ་གཅལ་ལ་སྔར་ཕན་བྱང་གྲལ་འགོ་མཛད་ནས་ཞལ་ཤར་ནུབ་ལ་གཟིགས་སྲོལ་ཡང༌། དེ་ལོ་ནས་བཟུང་བྱང་གཟིགས་ཁོ་ནར་མཛད་དགོས་ལ་བསྒྲིགས་ཅན་རྣམས་ནི་བཀའ་ཆོས་ཆོས་སྤྱོད་སོགས་དང་བསྟུན། དེ་ཕྱིན་རང་རང་བློ་དང་བསྟུན་ཆོག་པའི་བཀའ་