R196: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་བླ་མ་ཐམས་ཅད་མཁྱེན་པ་ངག་དབང་ཀུན་དགའ་བློ་གྲོས་སངས་རྒྱས་བསྟན་པའི་རྒྱལ་མཚན་དཔལ་བཟང་པོའི་རྟོགས་པ་ངོ་མཚར་འཕྲུལ་གྱི་རོལ་རྩེད་སྡེ་བཞིའི་འབྱུང་གནས།

  • Pagination (Witness A): ༦༤༢
[A:༦༤༢]བཅུ་དྲུག །ཡུལ་སློབ་གཉིས། རྩེ་གདོང་སློབ་དབུ་བན་ཚང་བཅས་བྱོན་ནས། མཁན་ཆེན་གྱིས་སྐུ་རྟེན། བརྒྱ་དཔོན་ནས་གསུང་རྟེན། ལས་ཆེན་པས་ཐུགས་རྟེན་དང་ཕྲིན་ལས་རྟེན། ཕྱག་གཉེར་ལ་ཡོན་ཏན་རྟེན་གསེར་བུམ་རེ་རེ། བན་ཚང་རིམ་བཞིན་རོལ་སིལ་རྔ། ཆོས་དུང་རིན་པོ་ཆེ། རྡོར་དྲིལ། སྣ་བདུན། རྫས་བརྒྱད། བཞུགས་སྟན་རྡོ་རྗེ་རྒྱ་གྲམ་རྣམས་ཕྱག་ཁྱེར་གྱིས་ཕེབས་གོང་ཚོགས་པ་བྱིངས་བཞུགས་ཚར་བ་མཛད། འཇམ་མགོན་སྐུ་མཆེད་ཆོས་ཁྲིར་བཞུགས་པའི་སྐུ་མདུན་ཡབ་རྗེ་རྡོ་རྗེ་འཆང་ཉིད་བཞེངས་མཐར། གཡས་གཡོན་ལ་ཕྱག་ཁྱེར་བ་རྣམས་བསྒྲིགས་ནས། དབུ་བྱེད་ཆེ་བས་བསྐུལ་ལ། སངས་རྒྱས་ཆོས་ཚོགས་ཤུར་མ་གསུམ་ནས་བཟུང༌། ཁྲུས་གསོལ། སྐུ་ཕྱིས་བར་དེ་དུས་ཀྱི་ཟིན་བྲིས་བཞིན་མཛད། དེ་ནས་སྐུ་རྟེན་ཡབ་ཀྱི་ཕྱག་ཏུ་བསྣམས་ཏེ། རྒྱལ་སྲིད་སྣ་བདུན་གྱི་གདངས་དང་བཅས་པས། ཚོགས་གཉིས་མཐར་ཕྱིན་མཚན་མཆོག་སོ་གཉིས་དང༌། །རབ་མཛེས་དཔེ་བྱད་བཟང་པོ་བརྒྱད་ཅུས་སྤྲས། །སྤྲུལ་པའི་འོད་ཟེར་དཔག་མེད་འཕྲོ་བ་ཅན། །ལོངས་སྤྱོད་རྫོགས་སྐུ་ཆེན་པོར་དབང་བསྐུར་རོ། །ཨོཾ་བཛྲ་ཀཱ་ཡ་སིདྡྷི་ཨ་བྷིཥིཉྩཱ་མི། གསུང་རྟེན་བསྣམས་ཏེ། ཉེ་རིང་ཀུན་ལ་སྙོམས་པ་ཚངས་པའི་དབྱངས། །ཐར་ལམ་སྟོན་པ་ལྷ་ཡི་རྔ་བོ་ཆེ། །སྐྱེ་མེད་འགག་པ་མེད་པ་བྲག་ཆའི་གསུང༌། །ཡན་ལག་དྲུག་ཅུའི་དབྱངས་ཀྱིས་དབང་བསྐུར་རོ། །ཨོཾ་བཛྲ་ཝཱཀ་སིདྡྷི་ཨ་བྷིཥིཉྩཱ་མི། ཐུགས་རྟེན་བསྣམས་ཏེ། ཆོས་ཉིད་དག་པ་གཉིས་ལྡན་མངོན་དུ་གྱུར། །ཆོས་ཅན་ཇི་སྙེད་དབྱེ་བ་སོ་སོར་གཟིགས། །ཆོས་རྣམས་རྣམ་ཀུན་མངོན་རྫོགས་བྱང་ཆུབ་པའི། །སྒྲིབ་བྲལ་རྣམ་དག་ཐུགས་ཀྱིས་དབང་བསྐུར་རོ། །ཨོཾ་བཛྲ་ཙཱིཏྟ་སིདྡྷི་ཨ་བྷིཥིཉྩཱ་མི། ཡོན་ཏན་རྟེན་གསེར་བུམ་ཆ་བསྣམས་ཏེ། སྟོབས་ཉིད་རྡོ་རྗེ་མི་འཇིགས་སེངྒེ་བཞིན། །མ་འདྲེས་མཁའ་དག་ཐུབ་བསྟན་ཆུ་ཟླ་ལྟར། །བྲལ་དང་རྣམ་པར་སྨིན་པའི་འབྲས་བུ་ཡི། །